དྲན་པའི་རྨུ་ཐག་ལ་བརྒྱུས་པའི་གཏམ་རྒྱུད།

གངས་སྨྱུག།        2023-09-25

མི་ཞིག་ལ་མཚོན་ན་རང་ཉིད་ཀྱི་མི་ཚེའི་བཞུད་ལམ་ལ་ཕྱིར་མིག་རེ་བལྟ་རྒྱུ་ནི་གལ་འགང་ཆེ་ཤོས་ཤིག་ཏུ་སེམས་ཏེ།འདི་ལས་ང་ཚོའི་ནར་སོན་གྱི་གོ་རིམ་ཡིག་འབྲུའི་བསྟར་ལ་བརྒྱུས་ཆོག་ཅིང་།བསམ་གཞིག་གི་གླེགས་བམ་ཡིག་ཚོགས་ཀྱི་ནང་ངོར་བཀོད་ཐུབ།

ང་ནི་དུས་རབས་གསར་བའི་ཡོ་ལངས་སྤྲིན་ལྟར་འཁྲིགས་ཤིང་ཤེས་རིག་ཡོན་ཏན་ལ་རང་མོས་ཀྱིས་སྦྱངས་བརྩོན་བྱེད་ཆོག་པའི་དུས་རབས་ཉེར་གཅིག་གི་འགོར་སྐྱེས་པ་ཞིག་ཡིན་ལ།སྐབས་དེར་ང་ཚོའི་ཕ་ཡུལ་གྱི་ལོ་ཆུང་དག་གཞི་ནས་སློབ་གྲྭར་གོམ་ཁ་ཕྱོགས་བཞིན་པའི་དུས་ཤིག་ཀྱང་རེད།སྤྱིར་དུས་རབས་ཉེར་གཅིག་གི་དུས་འགོ་ནི་བསམ་བློའི་གོ་རྟོགས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་སོགས་ཡོད་ཚད་མི་ཆོག་རྒྱུ་མེད་པའི་དུས་ཤིག་ཡིན་མོད།ང་ཚོའི་ཕ་ཡུལ་ནི་སྔར་བཞིན་སྔོན་གྱི་ལམ་ཕྱོགས་ལྟར་སློབ་གྲྭར་འགྲོ་མཁན་མེད་ལ།ཡོན་ཏན་ཤེས་བྱ་སྦྱང་མཁན་ཡང་མེད་ཚོད་ཀྱི་སྐབས་རེད།འདི་འདྲའི་རིག་གནས་ཀྱི་ཁོར་ཡུག་ཞན་པའི་ཡུལ་ལུང་ཞིག་ནས་སློབ་གླིང་ལ་གོམ་སྟབས་བསྒྱུར་བ་ནི་དེ་འདྲའི་ལས་སླ་པོ་ཞིག་ག་ལ་ཡིན།དེའི་རྐྱེན་གྱིས་ང་ཡང་ལོ་བཅུར་སོན་དུས་ད་གཟོད་སློབ་གྲྭར་འགྲོ་བའི་གོ་སྐབས་རྙེད་པ་རེད།

ཏག་ཏག་ལོ་དེ་ནི༢༠༡༠ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་རེད།ང་ཡང་ཕ་ཡུལ་གྱི་ན་མཉམ་ཚོ་དང་ལྷན་དུ་སློབ་གྲྭར་འགྲོ་འགོ་བརྩམས་པ་ཡིན།ངའི་སློབ་ཆུང་དང་ང་ཚོའི་སྡེ་བའི་བར་སྤྱི་ལེ་༩༠ལྷག་ཡོད་ཅིང་།དབྱར་གནང་དང་དགུན་གནང་ལ་མ་གཏོགས་ཕ་ཡུལ་དུ་ལོག་ཐུབ་ཀྱིན་མེད།བྱིས་དུས་ནས་འདི་འདྲའི་ཁེར་རྐྱང་དང་རྒྱུས་མེད་ཀྱི་ཡུལ་ལ་གོམས་རྒྱུ་ནི་ང་ལ་མཚོན་ན་ཆེས་དཀའ་ཁག་ཆེ་ཤོས་ཤིག་རེད་ཅེས་ལབ་ཀྱང་མི་ཆོག་རྒྱུ་ཅི་ཡོད།

ང་ནི་ཆུང་དུས་ནས་གླུ་ལེན་རྒྱུར་དགའ་མཁན་ཞིག་ཡིན་ཞིང་།སྐད་ངག་ཀྱང་ལྟོས་བཅས་ཀྱི་མི་ཆོག་རྒྱུ་མེད་པས།དྲུག་གཅིག་དང་སློབ་རའི་བྱ་འགུལ་གང་མང་ཞིག་ཏུ་གླུ་གང་མང་བླངས་མྱོང་།སློབ་གྲོགས་དག་གིས་ཀྱང་ངའི་སྐད་ངག་ལ་དང་དོད་དང་རྒྱབ་སྐྱོར་བླ་ལྷག་ཏུ་བྱས་མྱོང་ལ་རང་གིས་ཀྱང་རང་ཉིད་སློབ་རའི་གླུ་བ་ཡིན་སྣང་གིས་རང་རློམ་ཡང་ཡོད་མྱོང་།སློབ་ཆུང་གི་དུས་སུ་ང་ནི་སྦྱངས་འབྲས་ཅུང་བཟང་བའི་གྲས་ཀྱི་སློབ་མ་ཞིག་ཡིན་ཞིང་།ལྷག་ཏུ་སྐད་ཡིག་གི་སྦྱངས་འབྲས་ཡག་ཤོས་དེ་ཡིན།

ངའི་ཨ་མ་ནི་གླིང་སྒྲུང་ལ་ཧ་ཅང་དགའ་ཞིང་དུས་རྒྱུན་སྒྲ་སྡུད་འཁོར་ལོའི་ནང་དུ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྐལ་བཟང་གྲགས་པའི་སྒྲུང་ལ་ལྷག་ཏུ་ཉན་པར་སྤྲོ་མཁན་ཞིག་ཡིན་པས་ནམ་རྒྱུན་རང་གི་ཤེས་པའི་སྒྲུང་དག་ང་ལ་བཤད་མྱོང་ལ།ངའི་ཨ་ཕ་ནི་བོད་ཡིག་ཅུང་ཤེས་མཁན་ཞིག་ཡིན་པས་ང་རང་སློབ་གྲྭར་མ་སོང་གོང་ནས་ཁ་འདོན་དང་རྩོམ་ཡིག་རེ་ཟུང་བཀླགས་ཤེས་པའི་ཚད་དུ་སླེབས་ཡོད།དེ་དག་གི་ཤུགས་རྐྱེན་གྱིས་དབང་གིས་ཡིན་ནམ་གང་ལྟར་ང་ནི་སློབ་ཆུང་གི་དུས་ནས་རྩོམ་ཡིག་ལ་དགའ་མཁན་ཞིག་ཡིན།ནམ་རྒྱུན་རྩོམ་ཡིག་རེ་འགའ་དང་ཚིག་རྐང་ཉ་ཉོག་རེ་འབྲི་རྒྱུར་དགའ་པོ་ཆགས་ཡོད།སློབ་ཆུང་ལོ་རིམ་གསུམ་པའི་དུས་སུ་ངས་བྲིས་པའི“དོན་གྲུབ་རྒྱལ”ཞེས་པའི་ལྷུག་རྩོམ་ཞིག་ལ་སྐབས་དང་པོའི་ལྗོངས་ཞིང་ལྔའི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་མྱོང་།དེ་ནི་ང་རང་རྩོམ་ཡིག་གི་དགའ་ཕྱོགས་འདིར་ནན་གྱིས་འཇུག་བའི་སྐུལ་སློང་དང་ཆོད་སེམས་སྦྱིན་མཁན་དེ་ཡིན་ཞེས་ལབ་ཆོག་སྟེ།དེ་ནས་བཟུང་ང་རང་རྩོམ་ཡིག་འབྲི་རྒྱུར་སྔར་ལས་ལྷག་པའི་དགའ་ཞེན་དང་སྤྲོ་བ་དེ་ཡོད་པ་ཡིན་ལ།དེའི་སྐུལ་སློང་གིས་ད་བར་རྩོམ་ཡིག་རེ་ཟུང་འབྲི་བའི་གོམས་གཤིས་དེའང་ཆགས་པ་ཡིན།

སློབ་ཆུང་གི་དུས་སུ་སྐད་ཡིག་དགེ་རྒན་གྱིས་སྣེ་ཁྲིད་འོག་བོད་ཀྱི་དུས་དེབ«སྦྲང་ཆར»དང«ཟླ་ཟེར»«གངས་རྒྱན་མེ་ཏོག»སོགས་བཀླག་རྒྱུའི་གོ་སྐབས་བྱུང་ལ།དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་དག་ཀྱང་ཧ་ཅང་མང་པོ་བཀླགས་པ་ཡིན།དེ་ལས་རིག་ལྡན་རྒྱ་མཚོས«གནའ་གྲོང་།»དང་ཧུ་ར་འཇའ་པེས«ཕ་ཡུལ།ཕ་ཡུལ།»རྒན་བཀྲ་བྷས«འཚུབ་མ་ཁེར་རྐྱང་།»དག་ནི་བག་ཆགས་ཆེས་ཟབ་ཤོས་དང་བཀླགས་གྲངས་མང་ཤོས་ཀྱི་དེབ་ཁག་རེད།དེ་ནི་གཅིག་ནས་ང་ཚོའི་སློབ་གྲྭའི་དཔེ་མཛོད་ཁང་ནང་དུ་དེ་དག་གི་དཔེ་ཆ་མང་ལ།གཉིས་ནས་སྐབས་དེར་ང་ཚོར་སློབ་སྦྱོང་གི་གནོན་ཤུགས་དང་དུས་ཚོད་ཀྱི་དལ་བྲེལ་སོགས་གང་ཡང་མེད་རྐྱེན།སྒྲུང་གཏམ་དང་སྙན་ངག་དེ་དག་བཀླགས་ནས་ཉི་མ་འཁྱོལ་ཐབས་བྱེད་པའང་ཡིན་སྲིད།གང་ལྟར་སྐབས་དེའི་འཚོ་བའི་ཆ་རྐྱེན་དང་གནས་བབ་ཀྱིས་ང་ཚོར་ཡང་ཕན་པ་མི་དམན་པ་རེ་ཐོབ་ཡོད་སྲིད།ལོ་རིམ་ལྔ་པའི་དུས་སུ་དཀར་མཛེས་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་པའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཞེས་པའི་ཆེད་རྩོམ་འགྲན་བསྡུར་ཁྲོད་ངས་བྲིས་པའི་“མིའི་རིགས་ཀྱི་ཁྱིམ་གཞིས་དྲོན་མོ”ཞེས་པར་ཕུལ་བྱུང་བྱ་དགའ་ཐོབ་པས།ང་ནི་སྔར་ལས་ལྷག་པའི་རྩོམ་ཡིག་ལ་དགའ་ཞེན་གྱི་འདུན་མ་དྲག་ཏུ་ཡོད་པར་བྱས་སོང་།གང་ལྟར་ཕྱིར་འདང་རྒྱབ་ན།སློབ་ཆུང་གི་འཚོ་བ་ནི་བཀྲག་མདངས་འཚེར་ལ་གླེང་རིན་ཡོད་པའི་མི་ཚེའི་ལེའུ་ཞིག་རེད་ཅེས་གླེང་ཆོག་ཆོག་རེད་སྙམ།

སློབ་འབྲིང་དུ་ཞུགས་རྗེས།སྦྱང་བྱ་ཇེ་མང་དུ་སོང་བ་དང་བསྟུན་ནས་དཔེ་ཀློག་དང་རྩོམ་འབྲིའི་བྱ་བ་ཡང་ཇེ་ཉུང་དུ་ཕྱིན་མོད།རང་ཉིད་རྩོམ་འབྲི་ལ་དགའ་བའི་འདུན་མར་དང་ལྷོད་བྱས་མེད་ཚོད་ཡིན།སློབ་གསེང་གི་བྱ་བ་དང་བསྟུན་ཏེ་རྩོམ་ཡིག་འགའ་རེ་བྲིས་པ་ཁམས་པའི་ཚགས་པར་སོགས་སུ་བསྐུར་འགོ་བརྩམས་པ་ཡིན་ལ།རྩོམ་ཡོན་རེ་འགའ་ཡང་ཐོབ་མྱོང་།མཐོ་འབྲིང་གི་སྐབས་སུ་དེའང་མ་འདས་ལ།ནམ་རྒྱུན་གཟའ་མཇུག་ཏུ་སྒོར་མོ་མེད་དུས་རྩོམ་ཡོན་རེ་འབྱོར་བ་ནི་ཆེས་བདེ་སྐྱིད་ཀྱི་གཞི་ཉག་གཅིག་ཡིན།དེའི་རྐྱེན་གྱིས་ངས་ཀྱང་རྩོམ་ཡིག་འབྲི་རྒྱུར་སྔར་ལས་ལྷག་པའི་བརྩོན་པ་བྱས་པ་ཡིན།དེར་བརྟེན་ངས་རྩོམ་ཡིག་འབྲི་བ་རྩོམ་ཡོན་གྱི་ཆེད་དུ་མིན་པའང་ག་ལ་སྲིད།

མི་ཞིག་ལ་མཚོན་ན།དགའ་ཕྱོགས་ཤིག་འདི་ལྟར་དམ་གྱིས་འཁྱུད་པ་ནི་ཆེས་སྤྲོ་སྣང་དང་བག་ཕེབས་ཀྱི་འཚོ་བའི་བཞུད་སྟངས་ཤིག་རེད་ཅིང་།དགའ་ཁ་འཁྱེར་སོའི་དབང་གིས་བསྐྲུན་པའི་བགོ་སྐལ་འདི་དག་ནི་ང་ཡི་ནང་སེམས་ལ་འཁོར་བའི་དབྱངས་ཀྱི་གཤོག་ཟུང་དང་མི་ཚེའི་རང་རྣམ་ངོ་མ་དེ་རེད་ཅེས་བཤད་ཆོག།དེའི་རྐྱེན་གྱིས་ཕྱིར་འདང་གི་ཁྲོད་ན་གནས་པའི་ཕ་ཡུལ་དང་རི་ཆུ།རིག་གནས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་དེ་དག་ནི་ངའི་རྩོམ་ཡིག་རེ་ཟུང་ལེགས་འགྲུབ་ཡོང་བའི་རྨང་གཞི་ལྟ་བུ་ཡིན་ཞེས་བཤད་ཀྱང་ཆོག།དུས་ཚོད་ཀྱི་གཙང་པོའི་ལོ་ཟླའི་གོམ་སྟབས་རྒྱང་རིང་ཞིག་ལ་བདས་ཟིན་པའི་དེ་རིང་ང་ནི་སློབ་ཆེན་གྱི་འཚོ་བར་སླེབས་ཟིན་ལ།བགྲང་བྱ་བཅུ་ཕྲག་ལྷག་གི་སློབ་སྦྱོང་གི་གོ་རིམ་ཡང་རིམ་གྱིས་འདས་ཟིན།དུས་ཚོད་འདི་དག་ནི་ཕ་སྐད་མ་ཡིག་གི་ཟུངས་ཁྲག་ལ་འཐམ་ནས་ཟད་པ་ཡིན་ལ།དབྱངས་གསལ་སོ་བཞིའི་འགྱུར་ཁུག་དང་ལྷན་དུ་བཏང་བའང་ཡིན།འདི་ནི་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་དུང་བའི་མི་བུ་ཞིག་གི་མི་ཚེའི་གོམ་ཁ་བསྒྱུར་སྟངས་ཤིག་ཀྱང་རེད།

ལས་དབང་གི་བསྐྲུན་པའི་བགོ་སྐལ་དང་བསམ་གཞིག་གི་སྦྱིན་པའི་ཚོར་བའི་ཀློང་ནས་མི་ལོ་ཉི་ཤུ་ལྷག་གི་དུས་ཚོད་རིམ་གྱིས་འདས་ཟིན་ལ།བོད་ཀྱི་རྩོམ་རིག་ལ་དགའ་བའི་དད་འདུན་ཞིག་ཀྱང་རྒྱུད་དུ་ཆགས་ཟིན།དེའི་རྐྱེན་གྱིས་ཚིག་དང་སྐད་ཆའི་བརྗོད་པ་རྩིག་པའི་ཕོ་བྲང་འདིར་ངས་ཀྱང་མི་ལོ་བཅུ་ཕྲག་ལྷག་གི་གཏམ་རྒྱུད་ཐར་ཐོར་བྲིས་ཡོད།སྐབས་ལ་ལར།འདི་ནི་སེམས་ཀྱི་སྣང་བ་འཚོལ་སྟངས་གཞན་ཞིག་རེད་ལ་དྲན་པའི་བུ་རམ་བསྙལ་སྟངས་དམིགས་བསལ་བ་ཞིག་ཀྱང་རེད།«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«སྦྲང་ཆར།»«ཟླ་ཟེར།»«གངས་རྒྱན་མེ་ཏོག»སོགས་ཀྱིས་དབུ་ཁྱུད་ཀྱིས་ང་ཡང་རྩོམ་ལ་དགའ་ཞིང་བོད་ཀྱི་རྩོམ་སྟེགས་སུ་གོམ་པ་སྤོས་པ་ཡིན་ལ།རྫ་ལུང་དང་ནགས་ལུང་།གངས་ཆུ་དང་རྫ་ཆུའི་བཞུར་རྒྱུན་གྱིས་འཚོ་བའི་ཐ་སྙད་འདི་དག་མངོན་པར་སྟོན་གྱིན་ཡོད།དེར་བརྟེན།དོགས་སློང་གི་རྒྱ་མཚོའི་རླབས་ངོགས་ནས་སྙིང་གཏམ་དམར་རྗེན་དག་ཚིག་གིས་མཚོན་གྱིན་ཡོད།དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་ངོས་ནས་སེམས་གཞས་དག་ཚིག་གིས་བརྗོད་གྱིན་ཡོད།འདི་ནི་ངའི་འབྱུང་འགྱུར་གྱི་སྟ་གོན་ཡིན་ཞིང་ཕུགས་བསམ་ཡང་དེ་ལས་མ་འདས་སོ།།



  • ལེ་ཚན་སྔོན་མ།:གཡུ་ཆུང་ལ་སྤྲིངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།