ལམ་གཉིས་སྙིང་སྟོབས་ནམ་ཡང་ཉམས་པ་མེད།། མཐུན་སྒྲིལ་ཤེས་དཔལ་འབྱོར་ཕྱུག་ལམ་བཟང་རྨད།།

སྐལ་ཐུབ་ཀྱིས་བསྡུས་ནས་བསྒྱུར།        2023-09-22

ལམ་གཉིས་སྙིང་སྟོབས་ནམ་ཡང་ཉམས་པ་མེད།། མཐུན་སྒྲིལ་ཤེས་དཔལ་འབྱོར་ཕྱུག་ལམ་བཟང་རྨད།།

ཁྲོན་བོད་གཞུང་ལམ་ལ་སྔ་མར་ཁམས་བོད་གཞུང་ལམ་ཞེས་ཟེར་གྱི་ཡོད། གཡང་རྔ་ནས་འགོ་བཙུགས་ཏེ་ལྷ་ས་ནས་མཇུག་རྫོགས། 1955ལོར་ད་ལྟའི་མིང་སྤྱད་པར་མ་ཟད་འགོ་འཛུགས་ས་ཁྲེང་ཏུའུ་བྱས་ཡོད་པ་རེད། 1950ལོར་སྐྲུན་འགོ་བཙུགས་ནས1954ལོའི་ཟླ་བ12པར་རླངས་འཁོར་ཤར་གཏོང་ཐུབ་ཡོད་ཅིང་། བོད་སྐྱོད་གཞུང་ལམ་ཐོག་མ་དེ་ཡིན།

ལོ70ཡི་སྔོན་ལ། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་འཕེལ་རིམ་ཁྲོད་དུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་། སི་ཁྲོན་དང་མཚོ་སྔོན་སོགས་ཞིང་ཆེན་ཁག་གི་མི་རིགས་ཁག་གི་མི་དམངས་དང་། དེ་བཞིན་ཨར་ལས་ལག་རྩལ་མི་སྣ་ལས་གྲུབ་པའི་མི་འབུམ་གཅིག་ཁྲི་གཅིག་ལྷག་གི་ལམ་བཟོ་དཔུང་ཆེན་གྱིས་ཆ་རྐྱེན་ཧ་ཅང་སྡུག་པའི་འོག་དཀའ་སྤྱད་འབད་བརྩོན་བྱས་ཏེ། 1954ལོར་སྤྱིའི་རིང་ཚད་སྤྱི་ལེ4360ཡོད་པའི་ཁྲོད་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་བོད་ལྗོངས་ལ་དེང་རབས་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་བསྒྲིལ་པ་དང་། འགྲོ་བ་མིའི་ཚེ་སྲོག་འཚོ་དཀའ་བ་གྲགས་པའི་འཛམ་གླིང་གི་ཡང་རྩེ་ན་གཞུང་ལམ་སྐྲུན་པའི་ལོ་རྒྱུས་སུ་ངོ་མཚར་རབ་ཏུ་བཏོད་ཡོད། གཞུང་ལམ་དེ་གཉིས་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་ནི་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་གསར་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཡིན་ཞིང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མགྱོགས་པོ་ཡོང་བ་དང་། ལྷོ་ནུབ་མཐའ་མཚམས་སྲ་བརྟན་ཡོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་ཡོང་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་པ་རེད།

ལམ་བཟོའི་ལས་འགན་འབུམ་ཤོག་བཅོ་བརྒྱད་པ་ཡིས་དང་དུ་བླངས།། འུ་ལག་རི་བོའི་མཁའ་ལམ་བསྐྲུན་ནས་ལོ་རྒྱུས་ངོ་མཚར་བཏོད།།

1950ལོའི་ཟླ་བ3པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་ལྗོངས་སུ་བསྐྱོད་འགོ་བཙུགས། མའོ་ཀྲུའུ་ཞི་ཡིས་ཕྱོགས་གཅིག་ནས་དམག་སྐྱོད་པ་དང་ཕྱོགས་གཅིག་ནས་ལམ་བཟོ་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་། ལིའུ་པའོ་ཁྲེང་གིས་ཀྱང་བོད་ཞི་བས་བཅིངས་འགྲོལ་གཏང་དགོས་ན་འགྲིམ་འགྲུལ་སྐྱེལ་འདྲེན་ནི་གནད་འགག་ཡིན་ཞིང་། བསམ་ཕྱོགས་གཞན་ཞིག་ནས་བལྟས་ན་ལམ་བཟོ་དང་སྐྱེལ་འདྲེན་ནི་དམག་འཐབ་ལས་ཀྱང་གལ་ཆེ་བ་རེད་བསྟན་ཡོད། ཀྲོའུ་ཨེན་ལའེ་ཡིས་ཀྱང་འཐབ་ཇུས་ཀྱི་དགོས་མཁོ་བསྐང་བའི་ཆེད་མཚོ་བོད་དང་ཁམས་བོད་གཞུང་ལམ་གཉིས་ཆ་བསྐྲུན་དགོས་པ་བསྟན་ཡོད།

ཀྲུང་དབྱང་གི་བཀའ་ལྟར་ལིའུ་པའོ་ཁྲེང་དང་ཏེང་ཞའོ་ཕིང་གིས་བོད་ལྗོངས་སུ་དཔུང་སྐྱོད་དང་བོད་ལྗོངས་བཅིངས་འགྲོལ་གཏོང་བའི་ཧ་ཅང་གལ་ཆེ་ཞིང་དཀའ་ཚེགས་ཆེ་ལ། གཟི་བརྗིད་ལྡན་པའི་ལས་འགན་དེ་འབུམ་ཤོག་བཅོ་བརྒྱད་པ་ལ་སྤྲད། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག་ཏུ་འབུམ་དཔོན་ཀྲང་གོ་ཧྭ་དང་ཆབ་སྲིད་ཨུ་ཡོན་ཐེན་ཀོན་ཧྲན་གཙོས་པའི་དཔོན་དམག་ཚོས་འཐབ་ཇུས་ཀྱི་རིན་ཐང་ཆེ་བའི་ཁྲོན་བོད་གཞུང་ལམ་སྐྲུན་འགན་དང་དུ་བླངས། ཁོ་ཚོས་ལམ་བར་དུ་རི་གཟར་འཕྲང་འགག་དང་ཁ་ཆར་བུ་ཡུག། དེ་བཞིན་སྐད་བརྡ་མི་འཕྲོད་པ་དང་། ཡུལ་སྲོལ་གོམས་གཤིས་མི་འདྲ་བ། ལོ་རྒྱུས་ནས་བཞག་པའི་མི་རིགས་འགལ་ཟླ་སོགས་སྤྱི་དང་བྱེ་བྲག་གི་དཀའ་ངལ་ཇི་སྙེད་ཁྱད་དུ་གསད་དགོས་པ་རེད། ལྷག་པར་དུ་འགྲིམ་འགྲུལ་གྱི་དཀའ་གནད་ཧ་ཅང་ཆེ། ཁྲོན་བོད་གཞུང་ལམ་དུ་གཤེན་རྗེའི་འགག་ཅེས་པའི་མིང་ཐོགས་པའི་འུ་ལག་རི་བོ་ལ་མཚོ་འཕགས་སྨི3437ཡོད་ཅིང་། གཡག་རྔ་གྲོང་ཁྱེར་འགག་སྨད་རྫོང་དང་དཀར་མཛེས་ཁུལ་གྱི་ལྕགས་ཟམ་རྫོང་གི་ཁོངས་སུ་ཡོད་ལ། ཁྲེང་ཏུའུ་ནས་སྤྱི་ལེ172ཡོད། འུ་ལག་རི་བོའི་གཞུང་ལམ་རྙིང་པ་ནི1938ནས1940ལོར་གོ་མིན་ཏང་གི་དུས་རབས་སུ་ཐོག་མ་བསྐྲུན་པ་ཡིན་ཡང་ལམ་ངོས་སྨི་གཅིག་ལས་མེད་ཅིང་སྤུས་ཀ་ཤིན་ཏུ་ཞན་པ་རེད། 1950ལོའི་ཟླ་བ5པར། མའོ་ཀྲུའུ་ཞིའི་བཀའ་ལྟར་འབུམ་ཤོག་བཅོ་བརྒྱད་པས་ཁམས་བོད་གཞུང་ལམ་སྐྲུན་པའི་དམག་སྤྱི་ཁང་བཙུགས་པ་དང་ཆགས་ཅིག་ལམ་སྐྲུན་དཔུང་སྡེ་ཡང་བཙུགས། འབུམ་ཤོག་བཅོ་བརྒྱད་པའི་བཟོ་དམག་གིས་ཉིན20ལྷག་ལ་དཀའ་སྡུག་ཚད་མེད་བརྒྱབ་ནས་རླངས་འཁོར་ཤར་གཏོང་ཐུབ་ཙམ་བྱུང་ཡང་། ཟླ་བ6པའི་ཆར་ཆུ་འབེལ་བ་དང་བསྟུན་ནས་ཆུ་ལོག་དང་རི་ཉིལ་ཏེ་འགྲོ་ལམ་ཡོངས་སུ་བཀག། འབུམ་ཤོག་བཅོ་བརྒྱད་པའི་ཁྲི་ཤོག54པའི་དཔོན་དམག་ཚོས་རི་བོས་འགོ་སྒུར་བ་དང་ཆུ་བོས་ལམ་གཟུར་བའི་དཔའ་བོའི་སྙིང་སྟོབས་ཆེན་པོས་རིས་ཤོག་མེད་པ་དང་། ཨར་ལས་ཀྱི་འཕྲུལ་ཆས་མེད་པ། ལག་རྩལ་མི་སྣ་མི་འདང་བའི་དཀའ་ངལ་བསལ་ཏེ། 1950ལོའི་ཟླ་བ8པའི་ཚེས25ཉིན་ལ། ཁྲོན་བོད་གཞུང་ལམ་འཕྲེད་དུ་བཀག་ནས་ཡོད་པའི་འུ་ལག་རི་བོར་ལམ་བཟོས་ནས་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་ཡོད། རི་ལམ་དེ་ལ་ཁྱོན་བསྡོམས་སྤྱི་ལེ60ལྷག་ཡོད་ཅིང་མཐོན་པོ་མཁའ་ལ་བསྙེགས་ཡོད་པས་མཁའ་ལམ་ཞེས་མིང་ཐོགས། རི་ལམ་དེ་སྐྲུན་པའི་སྐབས་སུ་སྤྱི་ལེ་རེ་ལ་མི་བདུན་གྱི་ཚེ་སྲོག་ཤོར་བའི་རིན་དོད་ཚབས་ཆེན་ཤོར་ཡོད། ལམ་བཟོ་དཔོན་དམག་ཚོས་ཉིན་རེར་ཆུ་ཚོད12ཡན་ལ་ལས་ཀ་ལས་དགོས་ཤིང་། མཚན་མོར་རི་རྐེད་ཀྱི་ལས་གུར་དུ་ཉལ་དགོས། སྐབས་དེར་དབུགས་ཐེངས་གཅིག་གིས་ཐོ་བ1200རྒྱག་ཐུབ་པའི་སྟོང་ཐོ་དཔའ་བོ་དབྱང་ཧའེ་ཡིང་བྱུང་མྱོང་ལ། སྲོག་ལ་མི་འཛེམ་ནས་རྡོ་ཕ་བོང་གཏོར་བའི་གས་གཏོར་མཁས་ཅན་ཡང་བྱུང་མྱོང་བ་རེད།།

ཚེ་སྲོག་ཡལ་བར་དོར་ནས་བྱས་རྗེས་རླབས་ཆེན་བཞག། ཕྱུག་འབྱོར་ལམ་དུ་གོམ་པའི་འདེགས་འཇོག་མཉམ་དུ་བསྒྱུར།།

1950ལོའི་ཟླ་བ11པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་ལྗོངས་སུ་སྐྱོད་དེ་ལྕགས་ཟམ་ཁ་བརྒྱུད་པའི་སྐབས་སུ། མའོ་ཀྲུའུ་ཞིའི་དམག་སྐྱོད་དང་འཛུགས་སྐྲུན་མཉམ་དུ་སྤེལ་དགོས་པའི་བཀའ་ལྟར། ལྷོ་ནུབ་འགྲིམ་འགྲུལ་ཁང་གིས་ལྕགས་ཟམ་ཟམ་པའི་བྱང་རྒྱུད་ནས་སྤྱི་ལེ་གཅིག་ཡོད་པའི་སར་ལྕགས་འབྲེང་ཟམ་པ་བསྐྲུན་པའི་འགན་ཁུར་ནས1951ལོའི་ཟླ་བ5པའི་ཚེས31ཉིན་ལ་ལེགས་གྲུབ་བྱུང་ཡོད། དེ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཐོག་གི་རླངས་འཁོར་འགྲོ་ཆོག་པའི་ཟམ་པ་ཐོག་མ་དེ་ཡིན་ལ། ཐེག་ཚད་ཏུའུ15ཡིན་པ་རེད། 2019ལོའི་ཟླ་བ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་རིག་དངོས་སྲུང་སྐྱོང་བྱ་ཡུལ་ཚན་འབོར་བརྒྱད་པའི་གྲས་སུ་བཙུད་ཡོད།

ལོ་ཟླའི་འགྲོས་དང་བསྟུན་ནས། མི་དམངས་ཚོས་འབུམ་ཤོག་བཅོ་བརྒྱད་པའི་དཔོན་དམག་ཚོའི་བྱ་སྤྱོད་རླབས་པོ་ཆེ་དྲན་པའི་མེ་ལོང་ན་བརྗེད་ག་ལ་སྲིད། སྐབས་དེར་ཁྲོན་བོད་གཞུང་ལམ་ལས་མྱོང་མཁན་གྱི་དཔོན་དམག་ཚོ་ཁ་ཤས་ནི་ཚེ་ལས་འདས་ཤིང་། ཁ་ཤས་ནི་རྒན་ཁོག་ཏུ་གྱུར་ཡོད། འབུམ་ཤོག་བཅོ་བརྒྱད་པའི་དཔོན་དམག་ཚོའི་བྱས་རྗེས་ཆེན་པོའི་གནས་ཚུལ་མྱུར་སྐྱོབ་ལེགས་སྒྲིག་དང་ཁོང་ཚོར་དྲན་གསོ་ཞུ་བའི་ཆེད་དུ། ལྕགས་ཟམ་རྫོང་རིག་དངོས་ཅུས་ཀྱིས་ལས་དོན་འབོར་ཆེན་བསྒྲུབས་ཡོད། ལྕགས་ཟམ་རྫོང་འུ་ལག་རི་བོའི་ཁྲོན་བོད་གཞུང་ལམ་དྲན་གསོ་ཁང་དུ་པར་རིས་རྙིང་པ་དང་ལག་ཆ་རྙིང་པ། གྱོན་ཆས་རྙིང་པ། ལག་ཤོག་རྙིང་པ་ཚོ་ལས་སྐབས་དེ་དུས་ཀྱི་ལོ་རྒྱུས་དཀའ་ཚེགས་ཅན་གྱི་ཚུལ་ཕལ་ཆེར་ཤེས་ཐུབ། དེ་སྔོན་ལྕགས་ཟམ་རྫོང་རིག་དངོས་ཅུས་ཀྱི་ཅུས་ཀྲང་གོ་ཁྲེང་ཡན་གྱིས་ང་ཚོས་ནུས་ཤུགས་ཡོད་རྒུས་དེ་ལོར་འབུམ་ཤོག་བཅོ་བརྒྱད་པའི་དཔོན་དམག་ཚོས་སྤྱད་མྱོང་བའི་ལག་བསྐོར་དམག་སྤྱོད་ཁ་པར་དང་། ལྕགས་ཁེམ་དང་འཇོར་སོགས་ལག་ཆ་དང་། དེ་མིན་དངོས་རྫས་གཞན་དག་གང་རྙེད་ཚད་བསྡུས་གང་ཐུབ་བྱས་ནས་དྲན་གསོ་ཁང་ནང་གི་རིག་དངོས་ལ་རྣམ་ཤེས་བསྩལ་ཏེ་གསར་བརྗེའི་སློབ་གསོ་དང་ལེན་ཞུ་བའི་སློབ་གཞི་གསོན་ཉམས་ལྡན་པ་བཟོས་ཡོད། དེའི་དམིགས་ཡུལ་ཡང་

གསར་བརྗེའི་སློབ་གསོ་དང་ལེན་ཞུ་མཁན་སྤྱི་ཚོགས་ཀྱི་རིགས་ཁག་མི་སྣ་ཡིས་འབུམ་ཤོག་བཅོ་བརྒྱད་པའི་དཔོན་དམག་དང་མི་སེར་ལས་མི་ཚོའི་བྱས་རྗེས་བསུབ་ཏུ་མེད་པ་ལ་མྱོང་རྟོགས་ཟབ་མོ་བྱས་ནས། གུང་ཁྲན་ཏང་གིས་དཀར་མཛེས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་འཚོ་བ་སྐྲུན་པའི་བཀའ་དྲིན་ཚོར་ཐུབ་པའི་ཆེད་དུ་ཡིན་ཞེས་བཤད་པ་རེད།

འབུམ་ཤོག་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་རྒན་པོ་ལིའུ་ཀྲི་ཅུན་གྱིས་འུ་ལག་རི་བོའི་གཞུང་ལམ་སྐྲུན་པའི་དཀའ་ངལ་ནི་ཉེན་ཁ་ཆེ་བ་དང་རྩོལ་ཤུགས་ཆེ་བ་ཁོ་ན་མ་ཡིན་པར་ད་དུང་ཉེར་སྤྱོད་དངོས་རྫས་ཧ་ཅང་དཀོན་པོ་ཡིན་པ་དེ་རེད། དེ་འདྲའི་གནས་ཚུལ་འོག་ཏུ་ང་རང་དང་འཐབ་གྲོགས་ཀྱིས་མདེའུ་བེད་མེད་ཅིག་གི་མདེའུ་འགོ་མར་བླངས་ཏེ་ཟངས་ཀྱི་ཁོག་མ་ཞིག་བཟོས་ནས་དེར་ཟས་དང་ཆུ་བསྐོལ་བ་ཡིན་ཞེས་བཤད་པ་དང་། ཟངས་ཀྱི་ཁོག་མ་དེ་ད་བར་ཁོང་གིས་གཅེས་ནོར་དུ་བརྩིས་ནས་ཉར་ཚགས་བྱས་འདུག།

དེ་ལོར་དམག་དམངས་འབུམ་གཅིག་ཁྲི་གཅིག་ལྷག་གིས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཏུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ་འཛམ་གླིང་གཞུང་ལམ་ལོ་རྒྱུས་ཀྱི་ངོ་མཚར་ལེའུ་བྲིས་ཡོད། དཀར་མཛེས་ཁུལ་དུ་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་ཀྱང་ཡོངས་སུ་བསྒྲིལ་ཡོད།

དུས་རབས་ཀྱི་འཕེལ་རྒྱས་བླང་བྱ་དང་བསྟུན་ནས། 1996ལོའི་ཟླ་བ5པའི་ཚེས25ཉིན་ལ་འུ་ལག་རི་བོའི་ཕུག་ལམ་སྐྲུན་འགོ་བཙུགས་ཤིང་རིང་ཚད་སྨི4176ཡོད། 2011ལོའི་ཟླ་བ་དང་པོའི་ཚེས11ཉིན་ལ། ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཡོད། ཕུག་ལམ་གྱིས་འུ་ལག་རི་བོའི་གཤིན་རྗེའི་འགག་འཕྲང་དུ་གྲགས་པའི་ས་ཉེན་ཁ་ཆེ་བ་ལས་ཆེད་དུ་གཡོལ་ཡོད་ལ། དེའི་བར་སྤྱི་ལེ25ཡོད་ཀྱང་དུས་ཡུན་སྐར་མ10ལས་མི་འགོར་བ་རེད། དེ་ནས་བཟུང་དར་མདོ་ནས་ཁྲེང་ཏུའུ་བར་དེ་སྔོན་ཉིན་གཉིས་ཀྱི་ལམ་ཐག་དེ་ཆུ་ཚོད7ཡས་མས་སུ་བསྟུངས་ཐུབ་ཡོད།

དུས་རབས་གསར་པར་སླེབས་པ་ན། མྱུར་བགྲོད་གཞུང་ལམ་སྐྲུན་པ་ནི་དཀར་མཛེས་ཁུལ་མི་དམངས་ཀྱི་རེ་འདུན་དུ་གྱུར། 2012ལོའི་ཟླ་བ11པར། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལས་འགོ་བཙུགས་ཤིང་། སྤྱིའི་རིང་ཚད་ལ་སྤྱི་ལེ135ཡོད་ཅིང་མ་དངུལ་སྒོར་དུང་ཕྱུར230བཏང་ཡོད། 2018ལོའི་ཟླ་བ12པའི་ཚེས31ཉིན་ལ། གཡག་མདོ་མྱུར་བགྲོད་གཞུང་ལམ་ཡོངས་སུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། འུ་ལག་རི་བོ་བརྒྱུད་པའི་དུས་ཚོད་དེ་སྔོན་ཆུ་ཚོད་གཅིག་ཡས་མས་དགོས་པ་དེ་ད་ལྟ་སྐར་མ15ལས་མི་འགོར་བ་བསྟུངས་ཡོད་ལ། དར་མདོ་ནས་ཁྲེང་ཏུའུ་བར་གྱི་ལམ་ཐག་ཆུ་ཚོད3ཡས་མས་ལས་མི་དགོས་པ་བསྟུངས་ཡོད། དེ་ནས་བཟུང་དཀར་མཛེས་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་ཀྱང་ཡོངས་སུ་རྫོགས།

ད་ལྟ་ཕྱོགས་བཅུའི་ལམ་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཚོ་འབྱོར་འབྲིང་གི་ཕྱོགས་སུ་གོམ་པ་བསྒྱུར་དང་སྒྱུར་བཞིན་ཡོད་ལ། དུས་རབས་གསར་པར་བསྟོད་པའི་གླུ་དབྱངས་ཀྱང་རྒྱུན་མ་ཆད་པར་ལེན་བཞིན་ཡོད་དོ།།



  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་དཔལ་འབྱོར་ཡོངས་བཤེར་ལས་དོན་ཐད་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།