ཟླ་དགུ་བའི་དྲན་པ།

མ་གྲུབ་པ།        2023-09-22

རིག་པའི་རྣོ་དབལ་རབ་ཏུ་འབར་པའི་ཆོས་མཆེད་ཞི་བའི་དཔུང་སྡེ་ལྷན།།

ལུང་རིག་འབུམ་གྱི་དབྱུག་རྩལ་མྱུར་ཡང་(ངོམ་མེད་)ནང་དུ་བཀག་པས་ན།།

སྣང་སྲིད་འཁོར་འདས་ཡིད་ངོར་བཞེངས་པའི་རིགས་པའི་བུ་ཆུང་སུན་པ་དང་།།

གཉུག་མི་རྩ་རྒོད་མཆོང་ལྡིང་བྱེད་འདུག་རྟོག་འགྱུ་འཚུབ་མའི་སྙན་ངག་འབྲི།།

ཀུན་གསལ་ཉི་ཟླའི་རྣ་ཆ་འདོགས་པའི་མཐོ་བརྗིད་རི་བོ་གོས་དཀར་ཅན།།

དུང་དཀར་ཆུ་འཛིན་དཀྲིག་པའི་དབུས་སུ་གངས་རི་ཤེལ་གྱི་མཆོད་རྟེན་འདྲ།།

གསེར་མདོག་ཅན་གྱི་ས་ཆེན་ཁམས་ལ་ན་བུན་འཁྲིགས་ཤིང་བུ་ཡུག་འཚུབ།།

སྟོན་ཟླ་དགུ་བའི་རང་མཚང་མངོན་ན་ནོར་འཛིན་སྒེག་མོས་སྐྱོ་ཉམས་སྟོན།།

ཚང་ཚིང་ལྡན་པའི་རི་ལུང་འདི་དག་ཁ་བའི་རྡུལ་མང་བརྩེགས་པ་དང་།།

འཇག་སྐྱ་སྟོང་གིས་ཤུག་གླུ་གྱེར་ཞིང་ཀུ་ཤས་ངུ་ཤུམ་འཐེན་པ་ན།།

བྱམས་བརྩེའི་བློ་ཡི་སྤྲིན་ཕུང་སྟུག་པའི་དྲིན་ཆེན་མ་ལོའི་གདོང་གཟུགས་དག།

དགའ་དུང་སུམ་སྦྲེལ་ཡིད་ངོགས་བྲིས་པས་དྲན་པའི་སྨུག་ལོང་སེམས་སུ་འཐིམ།།

སྐྱི་བསེར་རླུང་བུ་ངར་ཁ་རྒོད་པས་སྐར་མའི་ཚོགས་ཀྱང་མིག་ཟུང་འགྲིབ།།

ལྕང་མ་རྣམས་ཀྱི་ཡལ་ག་ལྡེམ་པས་གསེར་མདོག་ལོ་མ་གང་སར་སྤུར།།

ཁྲུང་ཁྲུང་དག་གིས་བསྟར་ཕྲེང་བསྒྲིགས་ནས་ལྷོ་རུ་འཕུར་བའི་དུས་ཚིགས་འདི།།

སེམས་ཉིད་རྩ་ལམ་སྐྱོ་བས་རྣོང་ཤིང་གློ་སྙིང་འདར་བའི་ནམ་ཟླ་རེད།།

དམ་གྱིས་འཁྱུད་ཅིང་རྒྱུན་དུ་བདོག་པའི་དྲན་པ་གསོན་པོའི་གཏིང་རིམ་དུ།།

འདི་ནས་དཔག་ཡས་རི་ཆུས་ཆོད་ཀྱང་ཞེན་ཆགས་འཁྲེན་པོས་རབ་བཅིངས་པའི།།

བཀོད་ལེགས་མཛེས་པའི་རྒྱན་དུ་བལྟམས་པའི་ཕ་ཡུལ་རི་ཆུ་སྤང་གཞུང་དག།

རྟག་འཆར་ཡིད་ཀྱི་གཟུགས་རིས་ངོས་སུ་ཡང་ཡང་བྲིས་དུས་ལོག་སྙིང་འདོད།།

ཀུན་རྟོག་རྣམ་ཤེས་གདོན་གྱིས་བཙེས་པས་རྩེ་གཅིག་ཏིང་འཛིན་འཁྲུག་པ་ན།།

འཁོར་བ་འཁོར་བའི་ས་ལམ་གཅོད་པའི་ཐར་བའི་ཟེར་བརྒྱ་འཚུབ་ཀྱང་རུང་།།

འཆར་ཡན་མེ་ལོང་དྭངས་མའི་གཤིས་ལ་རི་མོ་ཞིག་གི་མཛེས་སྡུག་བརྐོས།།

ས་མཐའ་འཚོ་བའི་ཕོ་རྐྱང་དེ་ཡི་དྲན་པའི་ཀློང་དུ་ཡང་ཡང་བསྒོམས།།

ཞེ་འདང་དམར་མོས་རྒྱུན་དུ་སྐྱོར་བའི་འཁོར་བའི་སྲིབ་ཀྱི་སྙིང་ཐུབ་མི།།

གྲངས་མེད་ལ་ལུང་མང་པོས་ཆོད་ཀྱང་འཕྲད་པའི་འདོད་གདུང་དྲན་པ་རེད།།

ནམ་ཟླ་དུས་ཀྱི་འཁོར་འགྲོས་བར་ནས་སྡོང་འགོའི་ལོ་མ་འཐོར་བ་དང་།།

རི་དང་གཙང་པོས་སྐྱོ་ཉམས་སྟོན་དུས་སེམས་འགྱུར་ལྷག་མ་སྐྱོ་བ་རེད།།



  • ལེ་ཚན་སྔོན་མ།:རྟེན་འབྱུང་སྒྱུ་མའི་ཐོལ་གླུ།
  • ལེ་ཚན་རྗེས་མ།:ངའི་རེ་སྨོན།