སྟོན་ཁ།

གཞི་ཚང་ཟླ་བ་གྲགས་པ།        2023-09-18

ད་ནི་སྟོན་ཁ་ཚེས་བྱུང་། རླུང་བུ་ཤུར་ཤུར་གཡུག་པས་ལྗོན་པའི་སྡོང་པོ་དང་ཡལ་ག་ལྡེམ་ལྡེམ་གཡོ་ཞིང་མེ་ཏོག་གི་འདབ་ལོ་དག་ཀྱང་ཡོར་ཡོར་སྒུལ་བར་བྱེད། སྔོ་ལྗང་ལྗང་གི་རྩྭ་ཐང་དུ་ཚེར་མ་ལྟ་བུའི་བ་མོ་ཆགས་ཤིང་རྔམ་ཟིལ་གྱིས་འགྱིང་བའི་རི་བོའི་དབུ་རྩེ་ཡང་ན་རྒས་དང་ཁུར་པོའི་མཚོན་རྟགས་གང་ཡིན་ཆ་མི་འཚལ་བའི་ཁ་བ་ཆགས་འགོ་རྩོམ། སྟོན་ཁ་ཚེས་པ་ནི་ཟླ་དྲུག་པ་ཟད་སོང་བ་ཡིན་ལ་དེ་ཙམ་ཡང་མ་ཡིན་པར་དྲོད་ལྷང་ལྷང་གི་དབྱར་ཀ་ཧྲིལ་པོ་ཞིག་མཇུག་རྫོགས་པའི་བརྡ་རྟགས་བསྟན་པ་ཡིན། སྟོན་ཀ་ཚེས་པ་ནི་ཟླ་བརྒྱད་པ་ཤར་བ་ཡིན་ལ་དེ་ཁོ་ནའང་མ་ཡིན་པར་ཤིན་ཏུ་འཁྱག་པའི་དགུན་ཁའི་མདུན་བསུ་བའི་ལས་རིམ་ཞིག་ཀྱང་རེད་དོ།། དུས་ཚོད་ཀྱིས་འགྱུར་འགྲོ་བ་འདི་དག་ལོ་འཁོར་གཅིག་གི་ནང་གི་འགྱུར་བ་ཙམ་ལས་དོན་དམ་དུ་ཅི་ཡང་མིན་མོད། སེམས་འཚབ་དང་སྨྲེང་སྐྱོ། ཡང་ན་འཇིགས་སྐྲག་རིགས་ཤིག་གི་ཁྲོད་ནས་ཏག་ཏག་སྟོན་ཀ་ཚེས་བྱུང་།

ལོ་ཐོ་དག་ལ་བལྟས་ན་སྟོན་འགོ་ཚུགས་ཤིང་འབུ་ཆ་ག་པས་སྒྲ་འབྱིན། ཁུ་བྱུག་མོན་ཡུལ་དུ་ལོག་ཚར་ཞེས་བཀོད་འདུག། འབུ་ཆ་ག་པས་སྒྲ་འབྱིན་པས་ཞེ་སྡུག་པའི་སྨྲེ་ངག་དང་ཡང་ན་ང་དང་འབྲེལ་བའི་རང་བྱུང་ཁམས་ཀྱི་གསང་བ་ཅི་ཞིག་སྟོན་གྱིན་ཡོད་མེད་ཆ་མི་འཚལ་ཡང་། བྱ་ཁུ་བྱུག་གསུང་སྙན་མོ་མ་གནས་གཞན་ཞིག་ཏུ་ལོག་ཚར་བའི་གནས་ཚུལ་གོ་མ་ཐག། རྒྱུ་མཚན་མེད་པར་སེམས་པ་སྐྱོ་ལྷང་ལྷང་ཞིག་ཏུ་འགྱུར་འགྲོ། ངས་སྟོན་ཁ་མང་པོ་ཞིག་བརྒལ་མྱོང་། ད་ལོའི་སྟོན་ཀ་ནི་ངའི་མི་ཚེའི་ཁྲོད་ཀྱི་ཐེངས་ཉེར་དྲུག་པའི་སྟོན་ཀ་དེ་ཡིན་ཞིང་སྟོན་ཁ་ཉེར་དྲུག་ཁྲོད་ཀྱི་ཆེས་བརྒལ་དཀའ་བའི་སྟོན་ཁ་དེ་

ཡང་ཡིན་ཚོད་འདུག ང་ལ་ད་དུང་སྟོན་ཀ་ག་ཚོད་ཙམ་ཞིག་བརྒལ་རྒྱུ་ལྷག་ཡོད་པ་གཏན་མི་འཁེལ་ལ། རྣམ་པ་གཅིག་ཏུ་འདི་ཉིད་ཆེས་མཐའ་མའི་སྟོན་ཀ་དེ་ཡིན་མི་སྲིད་པའི་ངེས་པའང་མེད། དེ་བས་ཤིན་ཏུ་གཅེས་སུ་འོས་པ་ཡིན་ཡང་གཅེས་སྤྲས་ཇི་ལྟར་བྱེད་དགོས་ཚུལ་གསལ་ཆ་ཅི་ཡང་མི་འདུག། དུས་རྒྱུན་བཀླགས་དང་ཀློག་བཞིན་པའི་དཔེ་ཚོགས་དེ་དག་དང་བསྒྲུབས་དང་སྒྲུབ་བཞིན་པའི་ཙག་ཙིག་གི་བྱ་བའི་ཁྲོད་དུ། དུས་ཚོད་ཇི་ལྟར་འཛད་སོང་བ་མི་ཤེས་པར་བྱེད་པའི་ལུང་དུ་མ་བསྟན་པའི་གཏམ་རྒྱུད་དང་ཡང་ན་རྨི་ལམ་དང་ཆོ་འཕྲུལ་རིགས་ཤིག་མ་གཏོགས་སྟོན་ཀ་ཇི་ལྟར་སྐྱེལ་དགོས་ཚུལ་གྱི་ཚིག་གཅིག་ཀྱང་བཀོད་མི་འདུག། བརྙན་པར་དང་རྨི་ལམ་ནང་ནས་མ་གཏོགས་ཞལ་མཇལ་མ་ཐུབ་པའི་ཚེ་རབས་ལས་ཀྱི་བླ་མ་སྐྱབས་རྗེ་སྨན་རི་བ་ཁྲི་འཛིན་སོ་གསུམ་པ་མཆོག་གིས“མེ་གཏོང་ས་ནས་ས་ཚིག་དགོས། ལས་ཀ་ག་རེ་བྱས་ནའང་། ངང་རྒྱུད་རིང་དགོས། རང་ཚུགས་བརྟན་དགོས། གྲུབ་འབྲས་ཐོབ་དགོས”ཞེས་གསུངས་པ་དང་། བཀའ་དྲིན་བཞི་རྫོགས་ཀྱི་དཔོན་གསས་བླ་མ་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས། ནམ་རྒྱུན་ཞལ་ནས་གསུངས་པའི་དལ་འབྱོར་རྙེད་པ་དཀའ་བ་དང་། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས་སོགས་གོ་ལོ་ཐོས་ལོ་ཙམ་བྱུང་མྱོང་ཡང་མྱོང་རྟོགས་ངེས་ཤེས་མ་རྙེད་པའི་ཟབ་གདམས་ཚིག་ཉུང་ལ་ཆིངས་ཆེ་བ་འདི་དག་གིས་ངའི་ཚེ་སྲོག་ལྟ་བུའི་སྟོན་ཀ་ལ་གཙིགས་འཛིན་དང་གཅེས་སྤྲས་ཇི་ལྟར་བྱེད་དགོས་ཚུལ་སྟོན་བཞིན་ཡོད་པ་མ་ཡིན་ནམ།

གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྟོན་ཀའི་མངོན་བརྗོད་ལ་འབྲས་ལྡན་དང་གསེར་ལྡན་ཞེས་པའི་བླ་དྭགས་ཁྱད་དུ་འཕགས་པ་ཞིག་གནང་འདུག་མོད། ངས་རྒལ་བཞིན་པའི་སྟོན་ཀ་དང་མིང་འདི་གཉིས་ཀྱི་བར་དུ་མིང་དོན་གྱི་འབྲེལ་བ་ཅི་ཡང་གྲུབ་མེད་དེ། ང་ལ་མེད་མུག་གི་ལོ་ཟླའི་དབུ་ཡོག་ཅིག་ལས་འབྲས་བཟང་ཁུར་གྱིས་དུད་པའི་སྟོན་ཀ་ཞིག་ཤར་མི་འདུག་ཅིང་ཕོ་ལོ་ཉེར་དྲུག་ལ་བསྲུངས་བའི་བདག་གི་རྣང་ཞིང་ལའང་ཐན་པ་འཁོར་ཏེ་སྙེ་རླབས་གཡོ་ཐབས་བྲལ། དབྱར་ཟླ་དྲུག་པ་འཇིག་ཤུལ་གྱི་རབ་རིབ་མག་མོག་གི་ཡུལ་ལྗོངས་འབའ་ཞིག་ལས་ང་ལ་གསེར་མདོག་ལྡན་ཞིང་གསེར་འོད་ལམ་ལམ་འཕྲོ་བའི་དུས་ཚིགས་ཤིག་ཀྱང་ཚེས་མི་འདུག། ངས་སྔོན་ཆད་སྟོན་ཀའི་ནམ་མཁའ་ནི་དུས་ཚིགས་བཞི་ལས་ཆེས་སྔོ་ཞིང་སངས་པའི་ནམ་མཁའ་དེ་ཡིན་རབས་གོ་ཐོས་བྱུང་མོད། ད་ལྟ་ང་ལ་རྒྱང་སྒྲིབ་མིག་ནད་ཕོག་པས་མིན་ན། དུས་ཚིགས་འདིའི་ནམ་མཁའ་ཧྲིལ་པོ་ནི་གནའ་དང་མའི་སྤྲིན་དཀར་བར་གྱི་སྔོ་ཡུག་གི་ནམ་མཁའ་ཙམ་ལའང་མི་དོ། ངས་ཇི་ལྟར་བསམས་ཀྱང་ཡིད་དུ་འོང་བའི་སྟོན་ཀ་ཞིག་མ་ཚེས་པ་ནི་དུས་ཚོད་མ་ཐོན་པས་མིན་པར་ཐོབ་ཤོར་མང་དྲགས་པས་ཡིན་ཨང་། ད་ལྟ་ཟླ་བརྒྱད་པའི་མར་ངོ་ཟད་པར་ཉིན་ཞག་མང་པོ་མེད་ཅིང་ལོ་འཁོར་ཧྲིལ་པོ་ཞིག་ཀྱང་མཇུག་རྫོགས་ལ་ཉེ། ནམ་ཟླ་དུས་ཚིགས་འདི་ཏག་ཏག་མི་ཞིག་གི་མི་ཚེ་དང་ཅི་ནས་ཀྱང་འདྲ་འདུག་སྙམ།

ལོ་ཞིག་གི་སྟོན་ཀར་ངས«བདེ་སྐྱིད་ལྡན་པའི་སྟོན་ཀ»ཞེས་པའི་རྩོམ་ཡིག་ཅིག་ཀྱང་བྲིས་མྱོང་འདུག་ཅིང་རྩོམ་ཡིག་དེ་རུ་འདི་ལྟར“ཟླ་བརྒྱད་པའི་ནམ་མཁའ་དྭངས་ཤིང་གཙང་། རྒྱ་མཚོའི་ནང་ནས་བརླན་གཤེར་གྱིས་མ་བྲན་པའི་དྲོད་ཅིག་རྙེད་པ་དང་འདྲ། རླུང་བུ་གཏན་ནས་མ་ལྡང་ན་ཟླ་ལྔ་པའི་དུས་ཚིགས་ཡལ་ཟིན་ཡང་ག་ལ་འགྱོད། ད་ནས་དཔྱིད་ཀ་ཟེར་བ་ཞིག་ཤར་རྒྱུ་མེད་ན་ཟླ་བཅུ་པའི་གངས་འཁྱག་ཁྲོད་ལུས་ཀྱང་ཅི་ལ་སྡུག། ང་རང་ཆེས་འཇིགས་ཤོས་ནི་དགུན་ཁ་མ་ཡིན། སྨུག་པས་བཏུམས་པའི་སང་ལོའི་དཔྱིད་ཀ་དང་དཔྱིད་ཀའི་རྒྱབ་ཀྱི་མི་ཚེའོ།། ཞེ་མེར་བའི་དཔྱིད་ཀ། སྐྱུག་བྲོ་བའི་དཔྱིད་ཀ། མྱ་ངན་གྱི་ཁུར་པོ་ལྕི་མོ་ཞིག་དང་མཚུངས། ཡང་སྙིང་བྲལ་བའི་ཆོ་ལོ་དེ་མེད་ན་མེད། ངའི་མི་ཚེར་དཔྱིད་ཀ་ཕུད་པའི་དུས་ཚིགས་གསུམ་ལས་མི་མཁོ། སྟོན་རླུང་ཤུར་ཤུར་གྱིས་ལྗོན་པ་སྒུལ་བཞིན་འདུག། དེ་ལྟ་ན་ཡང་རང་དབང་གི་ནམ་ཟླ་འདི་ཡིད་དུ་འོང་། ད་ལྟ་ངས་དུས་དང་རྣམ་པ་ཀུན་ཏུ་ཉི་འོད་ཀྱི་དབུས་ནས་མུན་རུབ་རྒྱུ་མེད་པའི་སྨོན་ལམ་རྒྱག་གིན་ཡོད། ས་སྲོད་ཀྱི་པང་ནས་ནམ་ལང་རྒྱུ་མེད་པའི་གསོལ་བ་འདེབས་ཀྱིན་ཡོད”ཅེས་བཀོད་འདུག། ད་ལྟ་སླར་ཡང་བསམས་ན་དུས་སྐབས་དེའི་སྟོན་ཀའི་ནམ་མཁའ་ནི་དངོས་གནས་དྭངས་ཤིང་གཙང་ཨང་།

ངས་མཛེས་སྡུག་ཅེས་པ་ནི་དཔྱིད་ཀའི་ངལ་རྩོལ་དང་དབྱར་ཀའི་ཆར་ཆུའི་ཁྲོད་དུ་མེད་པར་སྟོན་ཀ་ལྟ་བུ་ཤིན་ཏུ་ཉེ་ཉེ་འདྲ་བའི་མ་འོངས་པའི་ལོ་ཟླ་ཞིག་ཏུ་ཐུགས་དགའ་ཡ་ལེ། ཞལ་འཛུམ་དམུལ་ལེར་བཞུགས་ཡོད་པར་བརླམས་ནས་ཡིད་སྨོན་ཡང་ཡང་བཏབ་མྱོང་། འོན་ཀྱང་ལོ་འཁོར་འདི་དག་གི་རིང་དུ་ངས་གཞི་ནས་ལྷིང་འཇགས་དང་བག་ཕེབས། མིག་ཏུ་མཛེས་པ་དང་སྙིང་དུ་སྡུག་པ་དག་ནི་གཏན་དུ་ཚེས་རྒྱུ་མེད་པའི་སང་ཉིན་དང་མུ་མཐའ་བྲལ་བའི་མ་འོངས་པའི་ཁྲོད་དུ་བཞུགས་མེད་པ་ད་གཟོད་ཤེས། སྔོན་ཆད་མི་བདེ་བ་དང་མི་གཙང་བར་བལྟས་པའི་ལོ་འཁོར་རེ་རེ་དང་ཟླ་བ་རེ་རེ། མཐའ་ན་ཉིན་ཞག་དང་དུས་ཚོད་རེ་རེ་ཡང་། ད་ནི་ཧ་ཅང་ཡིད་དུ་འོང་བའི་དུས་ཚོད་འབའ་ཞིག་ཏུ་སྣང་བར་བརྟེན། བདག་གིས་འགྲུབ་རྒྱུ་མེད་པའི་སྟོང་འདང་རིང་མོ་ཞིག་གི་ཁྲོད་ནས་ཡིད་སྨོན་འཆོར་དགོས་ས་ཤ་སྟག་ཏུ་གྱུར་འདུག། དེ་ནི་མི་ཞིག་གིས་ཆུང་བྱིས་པ་ཡིན་དུས་ན་ཚོད་ཆེ་ན་འདོད་ཅིང་ནར་སོན་ཏེ་དུས་ཚོད་སྐར་ཆ་རེ་རེས་ཀྱང་རང་གི་མི་ཚེ་ཟད་ཀྱིན་པ་མཐོང་དུས། སླར་ཡང་རང་གི་དྭངས་གཙང་གི་བྱིས་དུས་ལ་ཕྱིར་མིག་བྱེད་པ་དང་ཤིན་ཏུ་འདྲ་ཨང་།



  • ལེ་ཚན་སྔོན་མ།:དགེ་རྒན་ཞིག་ཡིན་ན་བསམས་བྱུང་།
  • ལེ་ཚན་རྗེས་མ།:སྟོན་ཁ།