དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་དྲན་པ།

ལྷ་ལུང་ཀརྨ་ཤེས་རབ།        2023-09-08

      ---དགེ་རྒན་དུས་ཆེན་ལ་ཕུལ།

མི་གཤིས་རྒྱུ་དག་ནང་སེམས་ཀུན་སྤྱོད་གཙང་། །

ལྔ་རིག་གསང་བའི་མདུད་རྒྱ་འཁྲོལ་ལ་མཁས། །

གཞན་ལ་ཕན་འདོད་སྙིང་རྗེའི་ས་བོན་གང་། །

དྲིན་གྱི་བདག་ཉིད་བཤེས་གཉེན་སྤྱི་བོར་མཆོད། །

ལས་སར་འཚོ་གོས་འཛོམས་ཀྱང་ལས་ཉོག་མང་། །

འབད་པས་དཔའ་དར་ཉུང་ཡང་འཐབ་ས་ན། །

མཐུན་པས་ཀུན་བཀུར་ལས་རོགས་མཉེས་གྱུར་པ། །

དེ་ཡང་མཁས་མཛངས་དགེ་རྒན་དམ་པའི་དྲིན། །

ཨ་མའི་སྒོ་རུ་འཚར་ཡང་རྒྱང་ལ་བུད། །

བཀོད་པས་མཇལ་ཐུག་ཉུང་ཡང་ཕ་མའི་ཐུགས། །

བུ་ཚས་མ་དཀྲུགས་ཕ་མ་མཉེས་གྱུར་པ། །

དེ་ཡང་མཁས་མཛངས་དགེ་རྒན་དམ་པའི་དྲིན། །

ཁྱིམ་ཐབ་འདོད་རྒུ་འཛོམས་ཀྱང་མཉམ་གཤིབ་དཀོན། །

ལས་ཀྱིས་འཁོར་བ་རྙོག་རུང་འཚོ་བ་ལ། །

བསོད་ནམས་རང་གྲུབ་ཚེ་རོགས་མཉེས་གྱུར་པ། །

དེ་ཡང་མཁས་མཛངས་དགེ་རྒན་དམ་པའི་དྲིན། །

མདོར་ན་མི་ལུས་ཐོབ་ནས་སློབ་ར་ལ། །

དང་པོ་ཞུགས་པ་ནས་བརྩམས་ད་ལྟའི་བར། །

དགེ་བདེའི་བསོད་ནམས་བདག་ལ་ཅི་མཆིས་པ། །

དེ་ཡང་ཐམས་ཅད་དགེ་རྒན་དམ་པའི་དྲིན། །



  • ལེ་ཚན་སྔོན་མ།:གསེར་གྱི་ཨ་ལོང་།
  • ལེ་ཚན་རྗེས་མ།:དགེ་རྒན་ལགས།