གསེར་གྱི་ཨ་ལོང་།

བདེ་སྐྱིད་སྒྲོལ་མ།        2023-09-06

ཨ་མྱེས་ཉི་མས་བགྲང་ཕྲེང་འདྲེན་བཞིན།

འཛམ་གླིང་ཞི་བདེར་སྨོན་ལམ་གྱི་མཆོད་

པ་བཤམས་ཡོད།

ལྷག་བསམ་གྱི་མཆོད་ཀོང་ནང་།

དྭངས་གཙང་གི་སེམས་རྒྱུད་སྒྲོན།

དེ་ཚོ་ནི།

ཡངས་པའི་ལམ་ཆེན་འགྲིམས་པའི་མགོན་

སྐྱབས་ཡིན་ལ།

མཐའ་ཡས་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་ཡིན།

སྐྱེ་བ་ཞིག་གི་ཚེ་ནོམ་ཡིན་ཡང་སྲིད།

གཙང་ཆབ་སྔོན་མོའི་བཞུར་རྒྱུན་ནང་ཁྱེད་ཀྱི་

བརྩོན་འགྲུས་སྦར་མྱོང་།

རྩྭ་ཐང་ལ་ཁྱོད་མཁོ།

གངས་རི་ལ་ཁྱོད་མཁོ།

སྦྲ་ནག་ལ་ཁྱོད་མཁོ།

གསེར་གྱི་ཨ་ལོང་།

སྦྲ་འདབས་ཀྱི་ལུ་གུའི་མེ་ཏོག་ཡིན།

སྤང་གི་སྐལ་བཟང་མེ་ཏོག་ཡིན།

གསེར་གྱི་དད་འདུན་དང་།

མཆོད་སེམས་བརྟན་པོའི་གུས་འདུད་ཡིན།



  • ལེ་ཚན་སྔོན་མ།:སྒྲ་དབྱངས་ལྷ་མོ་མཆོད་པའི་ཚིག་གི་ཡོན་ཆབ་ཚངས་ཆེན་དགྱེས་པའི་གླུ་སྲིད་ཞིའི་དབྱངས་ཀྱི་བསྡུས་གཟུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།