《བདེན་འཚོལ》ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

ཀྲུང་དབྱང་བོད་སྐད་རླུང་འཕྲིན།        2023-09-05

      《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཡིན》ཞེས་པ་སྤེལ་བ།

        སྤྱི་ཟླ8ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས16པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཡིན》ཞེས་པ་སྤེལ་ཡོད་པ་རེད།

        རྩོམ་ཡིག་ནང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ཡོད་ལ་རང་རྒྱལ་ཁབ་ཀྱི་གནས་ཚུལ་རྨང་གཞིར་བྱས་པའི་མངོན་གསལ་དོད་པའི་ཁྱད་ཆོས་ཀྱང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཕྱོགས་ལྔའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས་སྙིང་བསྡུས་བྱས་ཡོད་ལ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཚན་རིག་གི་ནང་དོན་ཡང་གསལ་སྟོན་གཏིང་ཟབ་བྱས་ཡོད། འདི་ནི་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་ཡིན་ལ། ལག་ལེན་གྱི་བླང་བྱ་ཡང་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པའི་ཐད་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་གསལ་སྟོན་བྱས་ཡོད་ཅེས་ནན་སྟོན་བྱས་ཡོད།

        རྩོམ་ཡིག་ནང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དེ་ལེགས་གྲུབ་ལྡན་པའི་ལག་ལེན་དུ་འགྱུར་བར་བྱེད་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་དེ་དམིགས་བསལ་གྱི་བཟང་ཆར་འགྱུར་བར་བྱེད་པར་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱེད་དགོས། དང་པོ། མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དུ་འགྱུར་དགོས། འདི་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན། གཉིས་པ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དེང་རབས་ཅན་དུ་འགྱུར་དགོས། འདི་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་ཤིག་ཡིན་ལ། ནུབ་ཕྱོགས་ཀྱི་དེང་རབས་ཅན་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཀྱང་ཡིན། གསུམ་པ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ལ་འགྱུར་དགོས། དངོས་པོ་འབྱོར་ཕྱུག་ལྡན་དགོས་ལ་བསམ་བློ་ཡང་ཕུན་སུམ་ཚོགས་པོ་ཡོད་དགོས། འདི་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བླ་ན་མེད་པའི་དོན་གཉེར་བྱ་གཞི་ཞིག་ཡིན། བཞི་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་འགྱུར་དགོས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡིན། ལྔ་པ། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པའི་དེང་རབས་ཅན་ལ་འགྱུར་དགོས། ཞི་བདེའི་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཁྲོད་རང་ངོས་ཀྱི་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། རང་ངོས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མངོན་གསལ་དོད་པའི་ཁྱད་རྟགས་ཤིག་ཡིན་ཞེས་བསྟན་ཡོད།

        རྩོམ་ཡིག་ནང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ང་ཚོས་ལོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཚོད་སྤྱད་ནས་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་ཁ་ཤས་བརྒྱུད་པའི་བཟོ་ལས་ཅན་གྱི་འཕེལ་རིམ་ལམ་བུའི་ཐོག་བསྐྱོད་དེ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་བཏོད་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་ཐུབ་པ་དང་བརྟན་པོའི་ངང་བསྐྱོད་ཐུབ་པ་བྱ་རྒྱུ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་ཡང་དག་པའི་བགྲོད་ལམ་ཉག་ཅིག་དེ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད་ཅེས་ནན་སྟོན་བྱས་ཡོད།


  • ལེ་ཚན་སྔོན་མ།:མཚོ་གཉིས་ཇ་མཛོད་རྗེས་ཤུལ་ལ་མིང་རྒྱལ་རབས་ནས་ད་ལྟའི་བར་གྱི་ལོ་རྒྱུས་ལྡན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།