རང་ཁུལ་གྱི་རིག་ནུས་ཞིང་ལས་ཀྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-09-04

རང་ཁུལ་གྱི་རིག་ནུས་ཞིང་ལས་ཀྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།
དཀར་མཛེས་རྫོང་གེ་སར་ནས་རིག་གནས་ཐོན་ལས་གླིང་།

ཟླ་བརྒྱད་པའི་དཀར་མཛེས་ནི་ནམ་མཁའ་སྔོ་ཞིང་དྭངས་ལ་ས་གཞི་རྒྱ་ཆེ་བས་ལྟ་ན་སྡུག་པའི་གནས་མཆོག་ཉམས་དགའ་བ་ཞིག་རེད། སྤྱི་ཟླ8པའི་ཚེས23ཉིན། གསར་འགོད་པས་དཀར་མཛེས་རྫོང་ནས་རླངས་འཁོར་བསྐོར་ཏེ་ལམ་ལ་ཆས་ཤིང་།མི་རྣམས་ཀྱིས་ཉིན་གཅིག་ལ་དུས་བཞིའི་འགྱུར་བ་དང་ལེ་དབར་བཅུ་ལ་གནམ་གཤིས་ཀྱི་འགྱུར་ལྡོག་ཡོད་ཅེས་བཤད་པར་གྲགས་པའི་རྒྱལ་སྲུང་གཞུང་ལམ227བརྒྱུད་ནས་སོང་བ་ཡིན།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ལེགས་ཆ་སྤྱད་དེ་འབྱུང་འཕྲོད་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས“སྐྱེ་ལྡན་ཁུལ”ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

ད་ཆར། འབྲེལ་དྲྭ་དང་ཟོག་འབྲེལ་དྲྭ་སོགས་ཀྱི་ལག་རྩལ་རྒྱ་ཁྱབ་ངང་སྤྱད་པ་དང་ཆབས་ཅིག་རིག་ནུས་ཞིང་ལས་ཀྱིས་དཀར་མཛེས་དེང་རབས་ཞིང་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་རམ་འདེགས་བྱེད་བཞིན་ཡོད་པ་དེ་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་འདེབས་འཛུགས་བརྒྱུད་རིམ་ཁྲོད་དུ་མངོན་པར་མ་ཟད། ད་དུང་ཞིང་ལས་ཐོན་རྫས་འབྱུང་ཁུངས་དང་། གློག་རྡུལ་ཚོང་དོན། སྤྲོ་གསེང་ལྟ་སྐོར་ཞིང་ལས་སོགས་སུ་རིམ་བཞིན་ཁྱབ་ནས་སྐྱེ་ལྡན་ཞིང་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་བཞིན་ཡོད་པ་རེད།

རིག་ནུས་སྐྱེ་ལྡན་གྱིས་ཞིང་ལས་ཐོན་སྐྱེད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་བར་རོགས་རམ་ནུས་ལྡན་བྱས།

སྤྱི་ཟླ8པའི་ཚེས23ཉིན། གསར་འགོད་པ་དཀར་མཛེས་རྫོང་གི་མུའུ་ཁྲི་ཡི་སྐྱེ་ལྡན་ཞོག་ཁོག་རྟེན་གཞིར་ཐོན་དུས་རྣམ་པར་བཀྲ་བའི་ཞོག་ཁོག་མེ་ཏོག་ས་ཞིང་ཡོངས་སུ་བཞད་ཡོད་པས་ལོ་ལེགས་ལ་རེ་བའི་མཛེས་ལྗོངས་ཤིག་མིག་ལམ་དུ་མངོན་པ་རེད།

དཀར་མཛེས་རྫོང་ཨོ་ཡ་ཞིང་འབྲོག་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགོ་འཛིན་ཡན་ཁྲང་ལིན་གྱིས་ས་མཐོའི་ཞོག་ཁོག་འདེབས་གསོ་ལག་རྩལ་གྱི་སྒྲིག་སྲོལ་དང་། ཐོན་མཐོའི་འདེབས་གསོ་སོགས་ཀྱི་ལག་རྩལ་སྒྲིག་སྲོལ་གཞིར་བཟུང་ནས2021ལོར་དཀར་མཛེས་རྫོང་གིས་མུའུ་ཁྲི་ཡི་ས་མཐོའི་ཞོག་ཁོག་རྟེན་གཞི་བསྐྲུན། ལྷོ་པ་ཡུལ་ཤོག་ཏུ་མུའུ་སྟོང་གི་ཞོག་ཁོག་ཐོན་འབབ་མཐོ་བ་དང་། ཕན་འབྲས་ཆེ་བ། ཚད་ལྡན་ཅན་བཅས་ཀྱི་སྐྱེ་ལྡན་རྟེན་གཞི་བསྐྲུན་ནས་ས་མཐོའི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་ལ་འཚམ་པའི་ལག་རྩལ་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད་ཅེས་ངོ་སྤྲོད་བྱས།

ཡན་ཁྲང་ལིན་གྱིས་ང་ཚོས་འདེབས་འཛུགས་དང་། ལུད་རྒྱག་པ། ཞིང་ཆུ་འདྲེན་པ། དོ་དམ། བརྔ་བསྡུ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཐོན་སྐྱེད་ལྷུ་ཚིགས་ཚང་མ་འཕྲུལ་ཆས་ཅན་དུ་བསྒྱུར་བ་དང་འབྲེལ་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་ཁྱབ་གདལ་བཏང་ཡོད།ཞིང་ཆུ་འདྲེན་པ་དང་ལུད་རྒྱག་པའི་ལྷུ་ཚིགས་གཉིས་ཟུང་འབྲེལ་བྱས་ཚེ་ཞོག་ཁོག་ལ་ཆུ་དང་འཚོ་བཅུད་གནད་སྨིན་ངང་ཐོབ་ཐུབ། ལག་རྩལ་དེ་ཞོག་ཁོག་འདེབས་འཛུགས་ཁྲོད་སྤྱད་ཚེ་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་ཐུབ་པར་མ་ཟད། ཆུ་དང་འཚོ་བཅུད་དོ་སྙོམས་ངང་མཁོ་འདོན་བྱས་ནས་ཞོག་ཁོག་གི་རྣམ་པར་ཚོད་འཛིན་ཐུབ་ནས་ཞོག་ཁོག་ཚོང་ཟོག་ཏུ་གྱུར་བའི་རང་བཞིན་ཡང་ཆེ་རུ་གཏོང་ཐུབ་ཅེས་ངོ་སྤྲོད་བྱས།

ཉག་རོང་རྫོང་ཉག་ཆུའི་འབབ་རྒྱུད་ཀྱི་སྲན་ཆེན་ཤིང་འབྲས་སྔོ་ཚལ་དེང་རབས་ཞིང་ལས་གླིང་པོ་མེ་དཔེ་སྟོན་གླིང་གི་ཚད་གཞི་མཐོ་བའི་རིག་ནུས་ལྗང་གསོའི་ལྟེ་གནས་སུ་ལས་དོན་མི་སྣ་ཆོས་སྐྱིད་ཀྱིས་འཕྲུལ་འཁོར་ལ་བརྟེན་ནས་ལྗང་གསོ་ཁུལ་གྱི་མྱུག་སོན་ལ་ཆུ་འདྲེན་བཞིན་ཡོད་པ་རེད། མོས་ཉིན་ལྟར་མྱུ་སོན་ལ་ཆུ་ཐེངས་གསུམ་བླུག་དགོས་པ་དང་། རིག་ནུས་མ་ལག་གིས་ལས་དོན་མི་སྣའི་ངལ་རྩོལ་བྱེད་ཚད་ནུས་ལྡན་ངང་ཉུང་དུ་བཏང་ཡོད་པ་རེད་ཅེས་བཤད།

གླེང་རིན་ཡོད་པ་ཞིག་ལ། སྐྱེ་ལྡན་ཐོན་སྐྱེད་དང་རིག་ལྡན་ཞིང་ལས་ཟུང་འབྲེལ་ཡག་པོ་བྱེད་འོག། གླིང་ཁུལ་གྱིས་ཐོན་སྐྱེད་བྱས་པའི་སྐྱེ་ལྡན་ཀྲོ་མ་ཀྲུ་ཡི་འབྲས་བུའི་དབྱིབས་སྙོམས་ཤིང་རྒྱས་པ། རང་བྱུང་གི་འོད་དམར་དང་ཆེས་ལེགས་པའི་སྐྱུར་མངར་འདྲེས་ཤིང་། མངར་འདུས་ཚད་བརྒྱ་ཆ11ཟིན་པ་དང་། མུའུ་རེའི་ཆ་སྙོམས་ཐོན་ཚད་རྒྱ་མ་ཁྲི1ཡས་མས་ཟིན། སིལ་ཚོང་རིན་གོང་མཐོ་ཤོས་རྒྱ་མ་རེར་སྒོར15ཟིན་པ་དང་མུའུ་རེའི་ཐོན་རྫས་རིན་ཐང་མཐོ་ཤོས་སྒོར་ཁྲི9ཟིན་གྱི་ཡོད།

མཉམ་འདྲེས་འཕེལ་རྒྱས་ཀྱིས“ཞིང་རིག་ཡུལ་སྐོར”གཞི་གཅིག་ཅན་དུ་འགྱུར་བར་བསྐུལ།

རྒྱལ་སྲུང་གཞུང་ལམ227བརྒྱུད་ནས་མུ་མཐུད་དུ་སོང་བ་ན་ལི་ཐང་རྫོང་འཇའ་བ་གྲོང་རྡལ་སྒུ་སྟིང་གྲོང་ཚོར་སླེབས། མ་སྐྱེས་ཨ་མའི་མེ་ཏོག་ལྡུམ་རའི་ཞིང་གྲོང་ནང་དུ་གསར་འགོད་པས་རིག་ལྡན་ཞིང་ལས་ས་མེད་འདེབས་གསོ་ཁང་དུ་ཤིང་འབྲས་རྡོ་ཀུ་བ་དང་ཆང་སྣ་འདྲེས་མའི་ཀྲོ་མ་ཀྲུ་སོགས་སྣ་ཁ10ལྷག་ཙམ་གྱི་ཤིང་འབྲས་དང་སྔོ་ཚལ་སྐྱེ་འཚར་ལེགས་པོ་ཡོད་པ་མཐོང་། འོན་ཀྱང་མི་རྣམས་ཧང་སངས་དགོས་པ་ཞིག་ལ་སྡོང་པོ་དེ་དག་གི་འོག་ཏུ་ས་རྡོག་པོ་གཅིག་ཀྱང་མེད་པ་དེ་རེད།

ཞིང་གྲོང་དེའི་འགན་འཁུར་བ་ཏིང་ཧྥང་ལི་ཡིས་ང་ཚོས་ས་མེད་འདེབས་གསོའི་ལག་རྩལ་སྤྱད་པས་ཤིང་འབྲས་དང་སྔོ་ཚལ་ཐོན་སྐྱེད་ཀྱིས་ས་རྒྱུར་བརྟེན་ཤུགས་ཆུང་དུ་བཏང་བར་མ་ཟད་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད། སྲོལ་རྒྱུན་འདེབས་འཛུགས་དང་བསྡུར་ན་ས་མེད་འདེབས་འཛུགས་ཀྱི་ཤིང་འབྲས་དང་སྔོ་ཚལ་སྐྱེ་འཚར་གྱི་དུས་ཚོད་ཐུང་བ་དང་ཐོན་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་ཤིང་འབྲས་དང་སྔོ་ཚལ་ལུད་ཆུ་སྤྱོད་ཚད་ཆེ་རུ་ཕྱིན་ཡོད་ཅེས་དང་། ཁང་པའི་ནང་ད་དུང་ཟོག་འབྲེལ་དྲ་རྒྱའི་ལག་རྩལ་སྤྱད་དེ་ཁོར་ཡུག་གི་དྲོད་ཚད་དང་ས་རྒྱུའི་བརླན་བཤེར་ལ་ལྟ་ཞིབ་ཚོད་འཛིན། ཉི་འོད་དང་སྙོམས་སྒྲིག་སོགས་བྱེད་བཞིན་ཡོད་པས་སྐྱེ་དངོས་སྐྱེ་འཚར་གྱི་ཆ་རྐྱེན་ལ་དེ་བས་འཚམ་པ་ཡོད་ཅེས་ངོ་སྤྲོད་བྱས།

ལི་ཐང་རྫོང་ཞིང་འབྲོག་གྲོང་གསེབ་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་ཐའོ་ཡིས་ཞིང་གྲོང་དེའི་རྒྱ་ཁྱོན་བཟུང་ཚད་མུའུ300ཟིན་ཞིང་། དེ་བཙུགས་འགོ་ཚུགས་པ་ནས་བཟུང་ཞིང་ལས་ཐོན་སྐྱེད་དང་ཞིང་སྡེའི་མཛེས་ལྗོངས་རྩ་བར་བྱས་ནས་ཐོན་ལས་དང་ཞིང་ལས་ཡུལ་སྐོར། ཚན་རིག་ཁྱབ་གདལ། གསར་གཏོད་བཅས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་གླིང་ཁའི་ཕྱོགས་བསྡུས་མ་ལག་ཅིག་བསྐྲུན་ནས་མྱུག་གསོའི་ལྟེ་གནས་དང་ཚན་རིག་ཁྱབ་གདལ་གསོ་སྦྱོང་ལྟེ་གནས། སྒྲིག་བཀོད་སྔོ་ཚལ་དྲོད་ཁང་བཅས་བསྐྲུན་ཏེ་རང་ཉིད་ཀྱིས་འདེབས་གསོ་དང་། གྲངས་གཞིའི་དོ་དམ། འཁྱག་སྦྲེལ་སྐྱེལ་འདྲེན། དྲྭ་ཐོག་ཕྱིར་ཚོང་བཅས་བྱས་པ་བརྒྱུད་སྔོ་ཚལ་དང་ཤིང་འབྲས་ཚང་མ་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལས་སྣོན་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ད་ཆར། ཞིང་གྲོང་དུ་ཀྲོ་མ་ཀྲུ་དང་ཆུ་ཀུབ། འབྲས་བུ་མེ་ཏོག་སོགས་ཞིང་ལས་ཐོན་རྫས་རིགས10ལྷག་ཙམ་བཙུགས་ཡོད། སྔོག་འཐུའི་ཉམས་ལེན་དང་། ཕ་མ་དང་བུ་རྒྱུད་སྤྲོ་གསེང་། ཚན་རིག་ཁྱབ་གདལ་སློབ་གསོ། སྤེལ་རེས་ལྟ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་ཞིང་གྲོང་ནང་དུ་ཡོང་བའི་ཡུལ་སྐོར་བ་ཁྲི1.8ཙམ་ཟིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དང2023ལོའི་ཞིང་དཔོན་ལམ་ལུགས་ཀྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།