ཨེ་ལེའི་སི།

བསྟན་པ་དར་རྒྱས་ཀྱིས་བྲིས།        2023-09-04

ཉི་མ་རི་རྒྱབ་ཏུ་བཞུད་ཐེངས་རེ་རེར།

ཁྱོད་ནི་ཟླ་འོད་བཞིན་སེམས་ཀྱི་ནམ་མཁར་གསལ་

ལེར་མངོན་ཡོང་།

ཨ་མྱེས་ཀྱི་གནའ་གཏམ་དང་རྒྱང་དུ་གྱེས་པ་ནས།

མཚན་མོ་རེ་རེ།

ལུས་སེམས་དངངས་སྐྲག་དང་གཅོམ་ཆུང་གིས་བཟུང་

བ་བདེན་མོད།

ངག་འཇམ་སེམས་གཙང་གི་ཁྱོད་ལ་ཕྱོགས་ཐེངས་རེ་རེར།

ངས་དངངས་སྐྲག་གི་ན་ཚོད་གཞི་ནས་བོར་ཞིང་།

བརྩེ་ཞེན་གྱི་མིག་ཟུང་ཟུམ་པ་མེད་པར།

དགོད་བྲོ་ལ་ངུ་ཡང་སྐྱེན་པའི་ཁྱོད་དང་།

ཉིན་མོའི་མངལ་དུ་མ་ཤོང་བའི་སྐད་ཆར་ཁེན་དུས།

རྟོག་པའི་རིགས་ཤིག་ཀྱང་ལྷོད་ལྷོད་དུ་རྒྱུ།

ཚེ་ཡི་ཁུག་པ་རིང་མོའི་ཕྲ་ལ་བཏབ་པའི་

དོ་ནུབ་ཀྱང་།

རྩིད་སྐུད་ནག་པོས་ཡང་ཡང་བསླེས་པའི་མཚན་མོའི་

དབུས་ན།

ཁྱོད་ཀྱི་སྐད་ཆའི་གཡེར་དྲིལ་མཚམས་མེད་པར་དཀྲོལ་བས།

ངའི་དབུལ་ཕོངས་དང་དངངས་སྐྲག་གི་མེ་ལྕེ་ཞི་བར་

གྱུར་ཅིང་།

གད་མོ་ཐག་ཐག་བྱེད། ཡིན་ནའང་།

འཛུམ་གྱིས་མྱོས་པའི་བཞིན་རས་ནི།

ཚིག་དང་དུས་ཚིགས་ཀྱིས་མཚོན་ཐབས་བྲལ་བའི།

དེ་ལྟར་སྙན་ངག་ཏུའང་གཅུན་ཐབས་བྲལ།

མུན་པ་བསལ་བའི་དུས་དག་ཏུ།

འཁོར་བའི་ཁྲེས་པོ་ཁུར་ནས་ལམ་ཀ་དེད་དུས།

སེམས་ཀྱི་ཁེར་འགྲོས་སྤངས་པའི་བདེན་པ་སྟེ།

ང་ཡི་དྲན་པ་ཁྱོད་ཀྱི་ཕྱོགས་སུ་ཕྱེ།

མཚན་ཙམ་སྣང་བར་འཐིལ་བས་ཀྱང་།

ཉིན་གྱི་ངལ་དུབ་དང་ཡི་ཆད་ལྷག་མེད་ཡལ་ཞིང་།

རེ་ཞིག་སྣང་སྲིད་ཀྱི་དཔལ་ཡོན་ལ་རྔམ་པ་མེད་པར།

སོས་དལ་གྱིས་བཞུགས་ཆོག་ཨང་།


  • ལེ་ཚན་སྔོན་མ།:ལི་ཐང་གི་སྙན་ངག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།