རེ་བའི་རི་མོ།

ཉན་ཤུལ་ཤེས་རབ་དར་རྒྱས།        2023-08-28

ཕྱག་གཡས་རལ་གྲི་གཡོན་ན་པད་བུམ་འཛིན།།

ལི་ཁྲིའི་མདངས་ལྡན་ལོངས་སྐུའི་ཆས་ཀྱིས་བརྒྱན།།

ཡིད་ལ་དྲན་པས་ཤེས་རབ་དངོས་གྲུབ་སྩོལ།།

འཇམ་དཔལ་དཔའ་བོ་ཡིད་ཀྱི་པད་མོར་རོལ།།


བདག་ནི་ཐོས་རྒྱ་ཆུང་ཞིང་རིག་པ་དམན།།

བརྡ་སྤྲོད་ལ་རྨོངས་མཐོང་རྒྱ་ཞན་ན་ཡང་།།

རིགས་ལ་འདུན་ཞིང་ཁ་སེམས་དཀར་པོ་ཡིས།།

རེ་བའི་རི་མོ་རིགས་གཅིག་གྲོགས་ལ་བཤད།།


གནའ་རབ་བོད་ཀྱི་དམ་པ་གནམ་འདྲ་ཚོ།།

རྒྱལ་ཁབ་ཕྱི་ནང་རིག་པའི་བསྐོར་ན་ཡང་།།

རིགས་ཞེན་བོད་ཀྱི་སྲོལ་བཟང་དོར་མ་མྱོང་།།

དེ་དག་བསམ་ན་དཔའ་བོ་ངོ་མ་རེད།།


ད་སྐབས་དུས་ཀྱི་ན་གཞོན་ཕོ་མོ་ཚོས།།

རིགས་པར་སློབ་ཟེར་གྲོང་གི་འཚོ་བར་ལོབ།།

ཐ་ན་མཆོག་གསུམ་གང་ཡིན་ཤེས་ཀི་མེད།།

དེ་འདྲ་བ་ཚོ་མེད་ན་དེ་བས་དགའ།།


མེས་དབོན་གོང་མ་སྲོང་བཙན་སྒམ་པོ་ཡིས།

ན་ཆུང་ཤེས་ཡོན་ཅན་ཚོ་རྒྱ་ནག་བརྫངས།།

རྩིས་དང་གསོ་རིག་ལ་སོགས་བསླབ་ནས་སུ།།

ཡུལ་ལ་དཔལ་འབྱོར་དར་ཞིང་རྒྱས་སུ་བཅུག།


སམྦྷོ་ཊ་ཡི་ལོ་རྒྱུས་བཤད་མི་དགོས།།

ཀ་མེད་སུམ་ཅུ་ཤེས་དུས་ཁོ་རང་ཤེས།།

ཁོང་གི་བཞག་པ་ཙམ་ཞིག་མེད་ན་ཡང་།།

རང་སྐད་རང་ཆས་མ་དོར་ན་གཞོན་ཚོ།།


སྔ་རབས་ཆོས་རྒྱལ་ཁྲི་སྲོང་སྐུ་རིང་ལ།།

སད་མི་མི་བདུན་རྒྱ་གར་ཡུལ་དུ་མངགས།

སྣང་བྱེད་ཆོས་ཀྱི་པོ་ཏི་བོད་སྐད་བསྒྱུར།།

དེ་འདྲ་ད་སྐབས་ཡོད་ན་ཅི་མ་རུང་།།


ཕ་མའི་རེ་བ་བཅོལ་ས་བུ་ཕྲུག་ཡིན།།

བུ་ལོའི་ཁ་ཕྱོགས་གྲོང་ཉུལ་བྱེད་རྒྱུ་ཡིན།།

མགོ་ནག་བརྟེན་ས་ནོར་གནག་མི་དགོས་ན།།

ལས་བྱེད་མ་ལོན་རང་ཁ་གསོ་དུས་དཀའ།།


བུ་མོས་སྨྱུ་གུ་བཟུང་ནས་ད་བར་བསླབ།།

ད་སྐབས་ཅི་ལ་མི་མཁོ་ཡུལ་ལ་ལོག།

འབྲོག་མོའི་ཕྱུགས་ལས་མ་ཤེས་ངོ་རེ་གནོང་།།

རོང་མོ་ཞིང་ལས་མི་ཐོན་ཞེ་རེ་འཁྱགས།


སྣ་མང་སྐད་ཡིག་ཤེས་ན་མཁོ་ཀི་ད།།

རང་སྐད་རང་ཡིག་བོར་དུས་ཚར་ནི་རེད།

དེས་ན་བསམ་བློ་ཨན་ཙམ་བཏང་ནས་ནི།།

དབྱངས་གསལ་སོ་བཞིའི་མ་རྩ་བོར་མི་ཉན།།


བསམ་བློ་ཀུན་སྤྱོད་སྦྱང་བ་བཟང་མོད་ཀྱང་།།

ཨ་ལ་ཨ་ལེན་མེད་ན་ལྐུགས་པ་ཡིན།།

ཨ་ཕའི་བུ་ཆུང་ཟེར་དུས་ཨ་རེ་རྫོས།།

ཨ་མའི་བུ་མོ་ཟེར་དུས་ཡ་རེ་ཤོད།།


སྐྱེས་དངོས་རིག་པ་སློབ་དུས་ཉོན་ན་ཡང་།།

གངས་སྤང་རྫ་རིའི་དབྱེ་བ་ཤེས་ན་དགའ།།

ཆུ་དང་གཙང་བོའི་ཟབ་ཚད་ལོན་ན་ཡག།

བྲག་ད་རྡོ་ཡི་ཆེ་ཆུང་ཤེས་ན་མཚར།།


གྲངས་རིགས་སྦྱང་དུས་སོར་རྩེ་མྱུར་ན་ཡང་།།

ཕ་མ་ནང་མིའི་ལོ་ཚོད་བརྗེད་མི་རུང་།།

དུས་ངན་འབྱུང་བཞི་འཁྲུགས་པའི་ད་ཚོད་ལ།།

སྐྱབས་འགྲོ་རེ་གཉིས་ཞོར་ལ་བརྩིས་ན་དགའ།།


རྒྱལ་ཁམས་ལོ་རྒྱུས་ཉོན་རྒྱུ་དགའ་ཀི་ད།།

རྒྱལ་ཁབ་གསུམ་སོགས་གནའ་སྒྲུང་ཉུང་ཉོན་བྱོས།།

རྒྱལ་རབས་གསལ་མེ་ནང་ན་ཤེས་རྒྱུ་ཡོད།།

རྒྱལ་རབས་དེབ་དཀར་ངོས་ན་གོ་རྒྱུ་ཡོད།།


བསླབ་གསུམ་སྡེ་སྣོད་འཛིན་པ་ང་མ་ཡིན།།

རྒྱལ་ཁམས་རིག་པས་སྐོར་མཁན་དེ་ལས་མིན།།

རེད་དེ་བསམ་དཀར་གཏམ་གྱི་གླེང་མོལ་འདི།།

རིགས་གཅིག་སྤུན་ལ་བཤད་ཡོད་ཐུགས་ལ་ཞོག།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:བྲོ་ཐང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།