རྨོ་མོ་སེམས་པའི་དྲོད་ཅིག་ཡིན།

        2023-08-18

ཞེན་ཆགས་ལྷག་མ་ཞིག་གི་རྒྱབ་ཏུ།

དྲན་གདུང་དང་སྐྱོ་བ་རུམ་གང་ཉར་དོན།

ཡིད་ཚིམ་པའི་དྲིན་ལན་ཞིག་འཕྲད་མེད་པས་ཡིན།

བྱིས་དུས་སུ་ཁོ་བོས་ཅི་ཡང་མི་རྟོགས།

གཞོན་དུས་ཀྱང་སྣང་བ་རྒྱ་ཡན་དུ་གཏོང་ཤོར།

ད་ནི་ཁྱེད་ལ་འཆང་བའི་ཤུལ་ལུས་ཀྱི་དྲན་གདུང་སྟེ།

ཉིན་མཚན་གཉིས་སུ་འགོག་མི་ཐུབ་པའི་ཚོར་བ་མཐའ་མེད་ཅིག།

འདི་ནས་ཡར་རྩིས་པའི་ལོ་ཟླ་གྲངས་མེད་ཅིག་ལ།

རང་ཉིད་ལ་བློ་དཀར་བའི་རྨོ་མོའི་འཛུམ་ཞལ།

མ་བཅོས་པའི་བརྩེ་དུང་དང་བྱམས་པའི་སེམས།

ལྷད་མེད་པའི་འཁྲེང་སེམས་དང་ཞེན་ཆགས་རེ་རེ་ལས།

ངའི་སྒྱུ་ལུས་དང་བཅས་པའི་ན་ཚོད་འདི་རིམ་གྱིས་སོན་ཡོད།

ཞལ་འཇམ་ལ་ཁོག་ཡངས་པའི་རྨོ་མོས།

ཡིད་འོང་གི་ལོ་ཟླ་དང་བག་ཕེབས་ཀྱི་འཚོ་བ་ལས།

དགའ་སྐྱོ་ཆགས་སྡང་གིས་ང་ཚོའི་ན་ཚོད་ལ་མནོ་བསམ་བཏང་མྱོང་།

སྣང་བའི་རོལ་རྩེད།

ཉིན་མཚན་དུས་དྲུག་ཏུ་ངེད་ཅག་དང་ལུས་སེམས་

འབྲལ་མེད་དུ་བཞུགས་མྱོང་།

དྲན་གྱིན་པའི་རྨོ་མོ་ལགས།

འུ་ཅག་བྲལ་ནས་ལོ་ངོ་བཅུ་ཕྲག་གི་ཡར་སྔོན་དུ་ཁྱེད་རང་ནི།

རང་ཁྱིམ་གྱི་དཀའ་སྡུག་དང་ངལ་དུབ་རྒྱབ་ཏུ་ཁྱེར་མཁན་དེའམ།

སེམས་ཚེགས་དང་ན་ཟུག་ཡོད་དགུ་ཁོག་ཏུ་ཉར་མཁན་དེ་ཡང་ཡིན།

སྙིང་ཉེ་བའི་ཨ་ཕྱི་མ།

ཁྱེད་རང་ང་ཚོ་དང་གཏན་དུ་བྲལ་ཡོད་ཀྱང་སྲིད་ལ་མེད་ཀྱང་སྲིད།

བདག་གིས་དྲན་སྐྱེན་པ་དང་བརྗེད་དཀའ་བའི་ཁྱེད་ཀྱི་

འཛུམ་མདངས་ནི།

གཏན་དུ་འབྲལ་མེད་པའི་སྣང་བ་ཞིག་གི་དབུ་ཁྱུད་བྲིས་པ་

ལན་གཅིག་མིན།

ཨ་ཕྱི་་་་ ཨ་ཕྱི་་་་ ཨ་ཕྱི་་་་

འདི་ནི་ཁ་རོག་གེའི་འབོད་མིང་ཞིག་མ་ཡིན་ཏེ།

ལོ་གཅིག་ནས་ལོ་ཉེར་ལྔའི་བར་དུ་དྲན་སྣང་དུ་བཞད་པའི་མིང་ངམ།

ལྷད་མ་འདྲེས་པའི་བརྩེ་སེམས་ཀྱིས་ཟིན་པའི་ཐ་

སྙད་ཡངས་པོ་ཞིག་ཀྱང་ངོ་།

དྲན་གདུང་གི་སྣང་བ་ཤིན་ཏུ་ལྕི་ཞིང་།

སྐྱོ་སྣང་གི་ལན་ཆགས་ལྷག་ཏུ་མཐུག་དུས།

སེམས་པའི་དྲོད་ལྟར་ང་ལ་ཤུལ་དུ་ལུས་པ་ནི་འདི་དག་སྟེ།

རྨོ་མོའི་མཛའ་བརྩེ་ཡངས་པོ་དང་ངག་སྙན་རིང་མོ།

གཏིང་མི་དཔོག་པའི་བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད།

ད་དུང་ངག་ནས་བརྗོད་མི་ཐུབ་ཅིང་སེམས་སུ་འཆར་

མ་བདེ་བ་ཤིན་ཏུ་མང་།

དེ་དག་ནི་ངའི་མིག་ཆུ་དང་ངུ་ངག་གི་བར་གསེང་དུ་

ཆགས་ཡོད་པར་ཐེ་མི་ཚོམ།

བརྩེ་བའི་ཕུང་པོ་གྱུར་པའི་ཨ་ཕྱི་མ།

ཉེ་བའི་ལོ་ཟླ་འདི་ནས་ཁྱེད་དྲན་པ་སྔར་བས་མང་བྱུང་།

གློ་བུར་དུ་ཁྱེད་ཀྱི་མིང་འབོད་ཐེངས་ཀྱང་གྲངས་ཀྱིས་མི་ཆོད།

དེ་ནི་གཅིག་བྱས་ན་ང་ལ་བྱིས་པའི་སེམས་ལས་མེད་པས་ཡིན་སྲིད་ལ།

ཡང་གཅིག་བྱས་ན་བཅོས་མིན་གྱི་བྱམས་སྐྱོང་གི་བག་

ཆགས་ཟབ་པས་ཡིན་ངེས།

འཁོར་བའི་ངང་ཚུལ་ལ་མཇུག་མཐའ་མེད་པ་དང་།

ཀ་ཁ་སུམ་ཅུའི་བརྗོད་བྱ་ལ་རྫོགས་མཐའ་མེད་པ་ནང་བཞིན།

ཁྱེད་ཀྱིས་གནང་བའི་གྱ་གྱུ་དང་ཡ་ཡོ་བྲལ་བའི་རྣམ་

དག་གི་བརྩེ་བ་ལ་མཐའ་མེད།

དེའི་ཕྱིར་ཁོ་བོས་ཀྱང་ཁྱེད་རང་གླེང་ན་མཐའ་ནི་གང་

ཞིག་ན་སྲིད་དེ་མི་སྲིད་དོ། །

བརྩེ་ལྡན་གྱི་རྨོ་མོ་དྲིན་ཆེན།

ཁྱེད་རང་ད་ལྟ་གང་དུ་བཞུགས་ཀྱང་བརྩེ་བ་ནི་ངེད་ཅག་

དང་འབྲལ་མྱོང་མེད།

ཁྱེད་རང་ད་ལྟ་གང་དུ་འཚོ་ཡང་དུངས་བ་ནི་ངེད་ཀྱང་

གཏན་དུ་འབྱེ་མྱོང་མེད།

དེ་བས་ཁྱེད་ནི་ངའི་སེམས་ཀྱི་དྲོད་དང་བདེ་བའི་རྒྱུ་རྐྱེན་

གཅིག་པུ་དེ་ཡིན་ཨང་།

༼ ཁྲག་གདོང་། ༽


  • ལེ་ཚན་སྔོན་མ།:འབྲོག་མོ་ཞིག་ལ་བྲིས།
  • ལེ་ཚན་རྗེས་མ།:སྣང་བའི་རོལ་རྩེད།