དབྱར་ལྷས་ཀྱི་སྣང་བ་གསོན་པོ།

མགར་ཐང་དཀར།        2023-08-09

རི་བོའི་ཉག་གར་ཕྱུགས་ཀྱི་སུག་རྗེས་བཏབ།།

མེ་ཏོག་ཁེར་སྐྱེས་ད་དུང་ལྷེམ་ལྷེམ་འགུལ།།

རྣ་བར་ལྷུང་བའི་སྟོན་གྱི་རླུང་བུ་བཅས།།

བདག་གིས་དབྱར་ལྷས་དྲོན་མོར་སྐྱེམས་ཆང་འདྲེན།།

ཕྱུགས་ཚོགས་རྨིག་པས་བརྡལ་བའི་སྔོ་ལྗང་སྤང་།།

དབྱར་སྟོན་ཚ་གྲང་སྙོམས་པའི་དཔལ་དུ་ཞུགས།།

སྔོ་མདངས་ཅུང་ཟད་རྒྱས་པའི་དབྱར་ལྷས་སུ།།

སྦྲང་ཆུང་གཞོན་ནུའི་མགུར་གླུ་སིང་སིང་ལེན།།

འབྲོག་མོས་བསྐྱུར་བའི་ལྕི་བའི་ལྷས་འདབས་སུ།།

སེར་ཆེན་མེ་ཏོག་སེར་ལམ་ལམ་དུ་བཞད།།

ཕྱེ་ལེབ་གར་གྱིས་གསོས་པའི་དབྱར་ལྷས་སུ།།

ངལ་གསོ་བག་ཙམ་བཏང་ན་ཁུ་སིམ་སྟེར།།

འདོ་བའི་འཚེར་སྐད་རྫི་བོའི་ལྷང་ལྷང་དབྱངས།།

གནག་ཕྱུགས་ངུར་སྒྲ་གཡང་དཀར་སྐར་མའི་ཁྱུ།།

དུས་ཀྱིས་དེད་པའི་དབྱར་ལྷས་སྐྱིད་པོ་རུ།།

སུ་ཡིས་ཞེན་ཆགས་བསྐྱུར་རམ་འཕྱང་མོ་ཉུག།

སྟོན་གྱི་ནམ་ཟླ་ད་དུང་མ་བསླེབ་ལ།།

སྡོང་ལོ་ལྗང་གུར་གསོན་ཤུགས་རབ་ཏུ་འབར།།

ལྕི་སྤུངས་བརྒྱབ་པའི་ལྷས་མཐའི་འགྲམ་ངོགས་སུ།།

ལྗང་ཞིང་ནེམ་པའི་སྤང་ཐང་གསར་དུ་འཁྲུངས།།

སྣང་བ་འཕར་འདེད་བྱེད་པའི་དབྱར་ལྷས་སུ།།

བདག་གིས་འབྲོག་མོའི་གཟུགས་ཞལ་ཤར་མར་བྲིས།།

གོམ་ཆུང་ལྡེམ་ལྡེམ་འབྲི་མོ་སྟོང་གི་བཅུད།།

སྙན་འཇེབས་བཞོ་དབྱངས་ནང་ནས་བོས་པ་བྲིས།།

སྦྲ་སྟོད་བསང་ཤུག་ལྷོག་ལྷོག་བར་གསེང་དུ།།

དད་ལྡན་སྟག་ཤར་དགྲ་ལྷ་མཆོད་པ་བཞེངས།།

སྙན་པ་དཔག་ཏུ་མེད་པའི་གཡས་འཁྱིལ་དུང་།།

ལྷ་ལམ་སྤྲིན་ལམ་རྒྱུ་སྐར་ལམ་དུ་དྲངས།།

ཟླ་གསུམ་དབྱར་སར་འཚོས་པའི་བག་ཆགས་ཀྱིས།།

ཉིན་གཅིག་དབྱར་ལྷས་འགྲིམ་པས་དུང་བ་སྐྱེས།།

མེ་ཏོག་གསར་དུ་གད་པའི་མཚར་སྡུག་བཅས།།

ལེགས་ཚོགས་དབྱར་ལྷས་དྲོན་མོར་སྙན་ངག་མཆོད།།

ནོར་བུའི་ཕྲ་རྒྱན་བཀོད་པའི་དབྱར་ལྷས་སུ།།

ཆར་རྗེས་དབང་གཞུ་དལ་བ་དལ་བུར་འཕྲོས།།

ལྷིང་འཇགས་ཞིང་འདིར་ཆུ་ཕྲན་ཤང་ཤང་རྒྱུ།།

བདག་གི་དྲན་པ་གཉོམ་པོ་ལྷོད་ཀྱིས་གསོས།།

སྐྱེ་དངོས་ཕྲག་བརྒྱ་གཉོར་བའི་དབྱར་ལྷས་ཀྱེ།།

སྐྱོ་སྐྱོ་མ་གནང་མཇལ་འཛོམ་མྱུར་དུ་འབྱུང་།།

བྱ་བརྒྱའི་གསུང་སྐད་ཁ་བའི་མེ་ཏོག་སྟེ།།།

འཆི་མེད་གྲོང་ནས་སྦྱིན་པའི་མཆོད་པར་སོམས།།



  • ལེ་ཚན་སྔོན་མ།:སྐྱེས་པ་ཕོའི་རབ་བྱེད་ཉེར་བཞི་ཞེས་བྱ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།