རྒྱལ་ཡོངས་སུ་རང་བྱུང་སོལ་རླངས་འདྲེན་པའི་མདོང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི11.8ལ་ཟིན།

    མི་དམངས་དྲ་བ་ནས་དྲངས།    2023-08-09

ན་ནིང་སྣུམ་རླངས་རང་མཁོ་འགན་སྲུང་ཐུབ་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས2ཙམ་འཕར།

ཉེ་ཆར། ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་རང་བྱུང་སོལ་རླངས་འཕེལ་རྒྱས་ཀྱི་སྙན་སེང(2023ལོ)》(གཤམ་དུ《སྙན་སེང》ཞེས་བསྡུ་རྒྱུ)ལས་མངོན་པར། 2022ལོར་རྒྱལ་ནང་གི་སྣུམ་རླངས་ཁེ་ལས་ཀྱིས་རྩད་ཞིབ་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར3700བཏང་ནས་དུས་མཚུངས་ལས་བརྒྱ་ཆ19འཕར་བ་དང་། རྩད་ཞིབ་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར840ལ་ཟིན་ཏེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད་ལ། གསར་སྤེལ་ཐད་ལའང་མ་དངུལ་སྒོར་དུང་ཕྱུར2860ཙམ་བཏང་ཡོད། སྐམ་ས་ཚད་ལས་བརྒལ་བའི་གཏིང་ཚད་དང་། ཆུ་འཇིངས། གཡམ་པའི་སོལ་རླངས་དང་རྡོ་སོལ་སོལ་རླངས་སོགས་རང་བྱུང་སོལ་རླངས་རྩད་ཞིབ་གསར་སྤེལ་གྱི་ཁྱབ་ཁོངས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། 2022ལོར་རྒྱལ་ཡོངས་ཀྱི་རང་བྱུང་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2201ལ་ཟིན་ཏེ་ལོ6བསྟུད་མར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར100ལྷག་འཕར་ཡོད། འཛད་སྤྱོད་ཀྱི་གྲུབ་ཆའི་ཐད་ནས་བལྟས་ན། གྲོང་ཁྱེར་གྱི་སོལ་རླངས་འཛད་སྤྱོད་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆ33བར་འཕར་བ་དང་། བཟོ་ལས་ཀྱི་འབུད་རྫས་དང་། རང་བྱུང་སོལ་རླངས་ཀྱིས་གློག་གཏོང་བ། རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་རང་བྱུང་སོལ་རླངས་སྤྱོད་པའི་གཞི་ཁྱོན་བཅས་ཀྱིས་བཟུང་བའི་བསྡུར་ཚད་སོ་སོར་བརྒྱ་ཆ42དང་། བརྒྱ་ཆ17 བརྒྱ་ཆ8བཟུང་ཡོད།དེ་དང་ཆབས་ཅིག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་མ་ཐེབས་པར་བརྟེན་སོལ་རླངས་གསོག་པའི་ནུས་པ་མགྱོགས་མྱུར་མཐོ་རུ་ཕྱིན་ཡོད། 2022ལོར་རྒྱལ་ཡོངས་ཀྱི་རང་བྱུང་སོལ་རླངས་འདྲེན་པའི་མདོང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི11.8(ས་གནས་དང་ས་ཁོངས་ཀྱི་མདོང་ལམ་ཚུད་པ)ལ་ཟིན་པ་དང་། མདོང་ལམ་གསར་པའི་རིང་ཚད་སྤྱི་ལེ3000ཡན་ཟིན་པར་མ་ཟད། ནུབ་རླངས་ཤར་འདྲེན་གྱི་ལམ་ཐིག་གསུམ་པའི་བར་རྒྱུད་དང་ནུབ་རླངས་ཤར་འདྲེན་གྱི་ལམ་ཐིག་བཞི་པ་སོགས་ལས་གྲྭ་གལ་ཆེན་མགྱོགས་མྱུར་བསྐྲུན་པར་བརྟེན། རྒྱལ་ཡོངས་སུ་སོལ་རླངས་གསོག་པའི་ནུས་པ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར50ཙམ་གསར་པ་འཕར་ཡོད།

སྣུམ་རླངས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལག་བསྟར་གཏིང་ཟབ་བྱས་ནས་ཁྲོམ་རའི་མ་ལག་མགྱོགས་མྱུར་བསྐྲུན་པ། 2022ལོར་ཀོང་ཞིས་དང་། ཧེ་ལུང་ཅང་། ཞིན་ཅང་སོགས་ཞིང་ཆེན་དུ་རྡོ་སྣུམ་གྱི་རང་བྱུང་སོལ་རླངས་དང་གཡམ་པའི་སོལ་རླངས་ཁུལ42ལ་སྒོ་བྱང་བཀལ་ནས་ནང་བཤུག་བཏང་ཞིང་། ཀྲེ་ཅང་ཞིང་ཆེན་གྱི་རང་བྱུང་སོལ་རླངས་མདོང་ལམ་དྲ་བ་ཁྲོམ་ར་ཅན་གྱི་རྣམ་པར་བརྟེན་ནས་རྒྱལ་ཁབ་ཀྱི་མདོང་ལམ་དྲ་བར་ཞུགས་ནས་རྒྱལ་ཡོངས་ཀྱི་སྣུམ་རླངས་མདོང་ལམ་དྲ་བའི་སྒྲིག་བཀོད་དྲང་གཞག་ངང་སྒོ་མོ་འབྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་བས། སྒྲིག་བཀོད་གཉེར་སྐྱོང་གི་ལས་ཕྱོད་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།

ཉིན་ཤས་གོང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས2023ལོར་སྣུམ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། སྣུམ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བའི་ལོ་ལྔའི་རིང་གི་ལས་ཀའི་འཕེལ་རིམ་དང་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་རེད། ལོ་ལྔའི་རིང་རྒྱལ་ཡོངས་ཀྱི་མ་བཅོས་རྡོ་སྣུམ་གྱི་ལོའི་ཐོན་ཚད་ཏུན་དུང་ཕྱུར1.89ནས་ཏུན་དུང་ཕྱུར2.05བར་འཕར་བ་དང་རང་བྱུང་སོལ་རླངས་ཀྱི་ལོའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1602ནས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2201བར་འཕར་ཡོད་པ་རེད།།




  • ལེ་ཚན་སྔོན་མ།:ཀྲའོ་ཅུན་མིང་གིས་སེར་ཤུལ་རྫོང་དུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:མཛེས་མཛེས་ཤེས་དཔལ་མེ་ཏོག་མཛའ་གཞས་གྲོང་དུ་མཛེས།། ཕྱུག་ཕྱུག་མདོ་གྲོང་ཡུལ་ལྗོངས་བདེ་སྐྱིད་དཔལ་གྱིས་ཕྱུག།
  • དོ་སྣང་ཆེ་བའི་རྩོམ།