མཛེས་མཛེས་ཤེས་དཔལ་མེ་ཏོག་མཛའ་གཞས་གྲོང་དུ་མཛེས།། ཕྱུག་ཕྱུག་མདོ་གྲོང་ཡུལ་ལྗོངས་བདེ་སྐྱིད་དཔལ་གྱིས་ཕྱུག།

རྟ་མགྲིན་རྡོ་རྗེས་བྲིས།        2023-08-09

དར་མདོ་གྲོང་ཁྱེར་གྱིས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་འཛུགས་པའི་གནས་ཚུལ་རགས་བཀོད།

མཛེས་མཛེས་ཤེས་དཔལ་མེ་ཏོག་མཛའ་གཞས་གྲོང་དུ་མཛེས།། ཕྱུག་ཕྱུག་མདོ་གྲོང་ཡུལ་ལྗོངས་བདེ་སྐྱིད་དཔལ་གྱིས་ཕྱུག།
དར་མདོ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཚན་རྩལ་ཁྱབ་གདལ་དང་བླངས་ཞབས་ཞུ་རུ་ཁག་གིས་ཡུལ་སྲོལ་བསྒྱུར་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

དབྱར་གཞུང་གི་དར་རྩེ་མདོ་རུ་ཡུལ་སྐོར་བ་ཧ་ཅང་མང་ལ་རླངས་འཁོར་གྱི་འགྲོ་འོང་རྒྱུན་མི་ཆད། ཁྲོམ་ལམ་ཆེ་ཆུང་གང་དུ་བསྐྱོད་ཀྱང་གཙང་ཞིང་འཁྲུག་ཆ་དོད་ལ་ལྗོན་ཤིང་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན། ལམ་ཐིག་སྟག་རིས་ཅན་གྱི་མདུན་དུ་འཁོར་རིགས་ཀྱིས་མི་ལ་གུས་བཟུར་བྱེད་པ་གོ་རིམ་ལྡན་ལ་ཟ་ཁང་ནང་གི་སྡེར་གཙང་འགུལ་བསྐྱོད་ནི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཟིན། གྲོང་ཁྱེར་ཡོངས་སུ་རྔུལ་ལེན་དམར་པོ་གྱོན་པའི་དང་བླངས་པ་མང་པོས་ལུས་ངག་གི་སྤྱོད་པ་ལ་བརྟེན་ནས་ཤེས་དཔལ་གྱི་ས་བོན་འདེབས་བཞིན་ཡོད། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། དབྱིས་རིགས། ཆང་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་དར་མདོ་གྲོང་ཁྱེར་དེ་ལོ་ངོ12རིང་བསྟུད་མར་སྐབས་གསུམ་ལ་སི་ཁྲོན་ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར་འཛུགས་སྐྱོང་གི་ལོ་རྒྱུས་ལམ་བུ་བཏོད་ནས་ད་ཆའི་མཛའ་གཞས་གྲོང་ཁྱེར་ཀུན་ཏུ་ཤེས་དཔལ་གྱི་མེ་ཏོག་བཞད་ཅིང་གྲོང་ཁྱེར་འཕེལ་རྒྱས་ལ་ཞུམ་མེད་ཀྱི་སྟོབས་ཤུགས་སྦྱིན་བཞིན་ཡོད་པ་རེད།

གོང་འོག་མཉམ་ཤུགས་འདོན།

ཤེས་དཔལ་ནི་གྲོང་ཁྱེར་གྱི་མཚོན་རྟགས་གལ་ཆེན་ཡིན་ལ་གྲོང་ཁྱེར་འཕེལ་རྒྱས་ཀྱི་བླ་སྲོག་ལྟ་བུ་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཚ་ཚ་འུར་འུར་ངང་སྤེལ་བའི་ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ཁྲོད་དུ་དར་མདོ་གྲོང་ཁྱེར་གྱིས་རང་ཉིད་ཀྱིས་དབུ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་དུ་འཁྱོལ་བ་དང་། ཞིང་ཆེན་དང་ཁུལ་ཤེས་དཔལ་ཨུ་ལྷན་གྱི་ཐུགས་ཁུར་དང་མཛུབ་སྟོན། དར་མདོ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མཐོ་རུ་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཡོད།

འགོ་འཛུགས་ས་མཐོན་པོའི་སྒོ་ནས་འཆར་འགོད་དང་ཚད་གཞི་མཐོན་པོས་གཅིག་གྱུར་གྱིས་མཐུན་སྦྱོར་བྱས།གསར་འཛུགས་ལས་དོན་སྤེལ་བ་ནས་བཟུང་དར་མདོ་གྲོང་ཁྱེར་གྱིས་གྲོང་ཨུའི་ཧྲུའུ་ཅིས་ཚོགས་གཙོ་དང་གྲོང་དཔོན་དང་ཁུལ་ཤེས་དཔལ་གཞུང་དོན་ཁང་གི་ཀྲུའུ་རེན་གྱིས་ཚོགས་གཙོ་གཞོན་པའི་འགན་འཁུར་བའི་གསར་འཛུགས་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས།“བརྟག་དཔྱད་ཞིབ་འཇུག་དང་ཐབས་ཇུས་ལག་བསྟར། ལས་ཀའི་ཕྱིར་སློག”བཅས་ལྷུ་ཚིགས་གསུམ་ལ་དམ་པོར་དམིགས་ནས“གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་འགོ་ཁྲིད་ཚོ་ཆུང་གིས་དུས་བཀག་ལྟར་ཞིབ་འཇུག་བྱེད་པ། གསར་གཏོད་གཞུང་དོན་ཁང་གིས་ཞིབ་ཕྲའི་འགན་འཁུར་བ་དང་འགན་འཁྲིའི་ཚན་པ་ཁག་གིས་རང་འགན་རང་འཁུར་དང་སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁྱབ་ངང་ཞུགས་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་ཡོད་པ་རེད། དུས་མཚུངས་སུ་གསར་འཛུགས་ལས་དོན་དེ་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ནང་བཅུག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་བཀོད་སྒྲིག་མཉམ་བྱེད། དོན་འཁྱོལ་མཉམ་བྱེད་དང་ཞིབ་དཔྱད་མཉམ་བྱེད། བྱ་དགའ་དང་ཆད་གཅོད་མཉམ་བྱེད་བཅས་བྱས་པ་རེད། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

ཕྱི་ནང་མཉམ་དུ་འཛིན།

དབྱར་ཁ་སླེབས་སྐབས། ལས་འཁྱུར་ངལ་གསོ་པ་ལི་ཝེ་ལོ་ལྟར་དར་མདོར་ཡོང་ནས་ཚ་གཡོལ་བྱེད་བཞིན་ཡོད། གྲོང་ཁྱེར་འདིའི་འགྱུར་ལྡོག་ལ་ཆ་རྒྱུས་ལྷག་ཏུ་ལྡན་པས་ཁོས་མྱོང་ཚོར་ཟབ་མོའི་སྒོ་ནས་དར་མདོ་གྲོང་ཁྱེར་འདི་ས་རྒྱ་ཆེན་པོ་མེད་ཀྱང་ཉེ་བའི་ལོ་ཤས་རིང་སྔར་ལས་སྤུས་དག་དང་མཛེས་ཉམས་ཀྱིས་ཕྱུག་འདུག་ཅེས་བཤད།

ལི་ཝེ་ཡི་དྲན་ཤེས་ནང་དུ། སྔོན་ཆད་ཀྱི་དར་མདོ་གྲོང་ཁྱེར་ནི་རྒྱ་ཆུང་ལ་ཁྲོམ་གཞུང་ཀུན་ཏུ་འཁོར་རིགས་བཞག་པར་སྒྲིག་ལམ་མེད་པར་མ་ཟད་འཚོ་བའི་ཁུལ་དུ་གད་སྙིགས་གང་བྱུང་དུ་དབྱུགས་པས“བཙོག་ཟིང་ཞན”གསུམ་གྱི་ཚུལ་དུ་གནས། དར་མདོ་ཤེས་དཔལ་གྲོང་ཁྱེར་འཛུགས་འགོ་ཚུགས་པ་ནས་བཟུང་མི་ཚང་མའི་འཚོ་གནས་ཀྱི་ཁོར་ཡུག་ལོ་རེ་བཞིན་ཇེ་ཡག་ཏུ་གྱུར།

དར་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གསར་འཛུགས་ལས་དོན་སྤེལ་ཚུན་དར་མདོ་གྲོང་ཁྱེར་གྱིས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་དང་གྲོང་ཁུལ་གྱི་ལྗང་བསྒྱུར་མཛེས་བཟོ། རྫོང་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། དམངས་འཚོར་ཕན་འདོགས་པའི“འདུ་འགོད་ཆེན་པོ་བཞི”ལག་བསྟར་ཤུགས་ཆེན་བྱས་པས་གྲོང་ཁྱེར་དང་ཡུལ་སྡེ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་ཡོད། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར35.7བཏང་ནས་གྲོང་ཁྱེར་དང་ཡུལ་སྡེའི་རིམ་སྤོར་རྣམ་གྲངས133ལག་བསྟར་བྱས་པ་དང་། ཁྲིམས་ལྟར་སྨི་ངོས་གྲུ་ཁྲི30ཡི་སྒྲིག་འགལ་འཛུགས་སྐྲུན་བཤིག། གྲོང་ཁྱེར་གྱི་རྣམ་པ་སྨི་ངོས་གྲུ་ཁྲི25བཅོས་སྒྲིག་བྱས་པ་དང་རྒྱལ་ཁའི་ངང་ཁུལ་ཡོངས་ཀྱི་རྫོང་གྲོང་ཆེས་མཛེས་ཤོས་སུ་བདམས་ཐོན་བྱུང་། དེ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གྲོང་ཁྱེར་འཛུགས་རྒྱུ་དམིགས་འབེན་དུ་བྱས་ནས“མཛེས་སྡུག་ལྡན་པའི་དར་མདོའི་ལྗང་བསྒྱུར་བྱ་སྤྱོད”ཏན་ཏིག་ངང་སྤེལ་ཏེ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི11.7ཡི་ལྗང་བསྒྱུར་ལེགས་སྒྲུབ་བྱས་པ་དང་། གྲོང་ཁྱེར་བསྐྲུན་ཁུལ་གྱི་ལྗང་བསྒྱུར་ཐུབ་ཚད་བརྒྱ་ཆ38.27ལ་ཟིན་ནས་དར་མདོའི་ལྗང་མདོག་སྐྱེ་ཁམས་ཀྱི་གཞི་ཐིག་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་རེད། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཐད་དར་མདོ་གྲོང་ཁྱེར་གྱིས“སྔ་དགོང་གཙང་འཕྱག་དང་ནམ་རྒྱུན་བསྡུ་རུབ། ཉིན་ཡོངས་གཙང་སྦྲ”བཅས་ཀྱི་འཕྲོད་བསྟེན་དོ་དམ་ལམ་ལུགས་གཙོ་གནད་ཐོག་དོན་འཁྱོལ་བྱས་ནས་གང་བྱུང་དུ་གཡུགས་པ་དང་སྦྱར་བ། འབྲི་བ། བགྲོད་ལམ་བདག་འཛིན། ཚོང་ཁང་ཕྱི་རོལ་དུ་གཉེར་སྐྱོང་བྱེད་པ་སོགས་ཀྱི་སྣང་ཚུལ་ཁྱོན་ཡོངས་ནས་གཙང་བཤེར་བྱས། གཅིག་སྡུད་ཐོག་ཡ་རབས་འགྲོ་སྐྱོད་དང་གྲོང་ཁྱེར་གྱི་རྣམ་པ། ཚོང་ཁང་ཆུང་གྲས་ལྔ། གྲོང་མིའི་སྒོ་ར། གྲོང་ཁྱེར་ནང་གི་གྲོང་ཚོ་དང་གྲོང་ཁྱེར་གྲོང་གསེབ་མཉམ་འབྲེལ་པུའུ་བཅས་ཆེད་དོན་བཅོས་སྒྲིག་བྱེད་སྒོ་ཆེ་གྲས་ལྔ་སྤེལ་བས་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་གྲོང་ཁྱེར་གྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་རེད།

མི་སེམས་ནང་དུ་བཀུགས།

གནམ་གཤིས་དྲོ་རུ་ཕྱིན་པ་དང་ཆབས་ཅིག་དར་མདོར་ཚ་གཡོལ་ཡོང་མཁན་གྱི་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ཡོད། ཡུལ་སྐོར་བ་མང་ཤོས་ཀྱིས་དར་མདོར“ཡ་རབས་དང་མཛའ་མཐུན། འཆམ་མཐུན”བཅས་ཀྱི་བག་ཆགས་བཟང་པོ་ཆགས།

ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་ཀྲང་དབྱི་ཡིས“མྱུར་བགྲོད་གཞུང་ལམ་ནས་མར་བབས་རྗེས་ནས་ལྗོངས་ཁུལ་སོ་སོའི་བར་གྱི་ཁྲོམ་གཞུང་ཀུན་ཏུ་གཙང་ཞིང་འཁྲུག་ཆ་དོད་ལ་འཁོར་རིགས་ཀྱིས་མི་ལ་གུས་བཟུར་བྱེད་པ་རྒྱུན་ལྡན་དུ་གྱུར། ལྗོངས་ཁུལ་ཕྱི་ནང་གི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ་དང་རླངས་འཁོར་འཇོག་སྟངས་གོ་རིམ་ལྡན་པ། གང་དུ་སོང་ཡང་རྔུལ་ལེན་དམར་པོ་གྱོན་པའི་དང་བླངས་པས་རོགས་རམ་བྱེད་སྲིད་པས་ས་ཆ་གཞན་གྱིས་སློབ་སྦྱོང་བྱེད་རིན་འདུག”ཅེས་བཤད།

ཤེས་དཔལ་གྱི་མེ་ཏོག་གང་སར་བཞད་ཐུབ་ཆེད། དར་མདོ་གྲོང་ཁྱེར་གྱིས་དམངས་ཡོངས་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་ནས“དྲྭ་མིག་ཅན་གྱི་དོ་དམ་པ”སྡེ་ཁུལ་དང་ཐོག་ཁང་། གྲོང་མིའི་ཁྱིམ་དུ་སྐྱོད་པ་བཅས་བྱས་ནས་དུད་ཚང་དུ་བསྐྱོད་དེ་འདྲི་ཤོག་བརྟག་དཔྱད་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེ་བའི་གྲོང་མིས་ད་སྔའི་གསར་གཏོད་ལས་དོན་ལ་བཟུང་བའི་གདེང་འཇོག་དང་རྣམ་འགྱུར། མྱོང་ཚོར། བསམ་འདུན་བཅས་ཤེས་རྟོགས་བྱས་པ་རེད། དམིགས་ཚད་རེའུ་མིག་ཁྲོད་ཀྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་བླང་བྱ་ལ་ཧུར་བརྩོན་བྱས་ནས་གྲོང་ཁྱེར་རིམ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས1དང་ཡུལ་ཤོག་དང་གྲོང་རྡལ་གྱི་ལག་ལེན་སུའོ17 གྲོང་ཚོའི(སྡེ་ཁུལ)ལག་ལེན་ས་ཚུགས216བཅས་ཀྱི་ཚོད་ལྟའི་འཛུགས་སྐྲུན་དམིགས་ཚད་ལེགས་སྒྲུབ་བྱས་པས་གྲོང་ཁྱེར་དང་ཡུལ་ཤོག། གྲོང་ཚོ་བཅས་རིམ་གསུམ་ཤེས་དཔལ་ལག་ལེན་རྩ་འཛུགས་ཀྱི་མ་ལག་ཅིག་ཆགས་ཡོད་པ་རེད། དེ་དང་ཆབས་ཅིག་ཤེས་དཔལ་ལག་ལེན་དང་འཕྲིན་སྦྱོར“ལྟེ་གནས་གཉིས”མཉམ་འདྲེས་ལ་ཤུགས་བརྒྱབ་ནས“དྲྭ་ཐོག་དར་མདོ”ཤེས་དཔལ་ལག་ལེན་ལས་སྟེགས་སུ“བསམ་འདུན་ཆུང་ངུ”ཡི་ཆེད་སྒྲིག་ལེ་ཚན་བཙུགས་ཏེ་ཚོང་ཟོག་ཉོ་སྒྲུབ་དང་མངག་གཏོང་། དང་ལེན། དཔྱད་འཇོག་སོགས་དང་བླངས་ཞབས་ཞུའི་རྣམ་པ་སྒྲིག་འཛུགས་བྱས་ཏེ་སློབ་གསོ་ཁྱབ་བསྒྲགས་དང་མང་ཚོགས་ཐུགས་ཁུར་ཞབས་ཞུ་སྤེལ། དུས་རབས་གསར་བའི་ཤེས་དཔལ་ལག་ལེན་ལྟེ་གནས་གྱི་གཡུལ་སར་བརྟེན་ནས“1+10+N”(དེ་ནི་དང་བླངས་ཞབས་ཞུའི་སྤྱི་ཁྱབ་རུ་ཁག1ཁར་དང་བླངས་ཞབས་ཞུའི་ཡན་ལག་རུ་ཁག10དང་དེའི་ཁར་ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུའི་ཡན་ལག་རུ་ཁགNབསྣན་པ)ཡི་རྣམ་པའི་ཐོག་ནས“ཁོར་ཡུག་འཕྲོད་བསྟེན་མཛུབ་ཁྲིད་དང་ཡུལ་སྲོལ་བསྒྱུར་བའི་ཁྲིད་སྟོན། ཡ་རབས་འགྲིམ་འགྲུལ་ཁ་ཏ་སློབ་སྟོན”སོགས་དང་བླངས་ཞབས་ཞུའི་རུ་ཁག320ལྷག་བཙུགས་ཏེ་དང་བླངས་པ10800ལྷག་སྡེ་ཁུལ་དང་ཁྲོམ་ལམ། ལྗོངས་ཁུལ་བཅས་སུ་བསྐྱོད་ནས“ལུའེ་ཧྥུང་ལ་སློབ་སྦྱོང་བྱས་ནས་ཡ་རབས་བརྒྱུད་བསྒྲགས”དང“གཅེས་སེམས་སློབ་ཞུགས་རོགས་རམ། ” “ལང་ཚོའི་དང་བླངས སྡེ་ཁུལ་ལ་ཐུགས་ཁུར”“ཐན་ཉུང་གྲོང་ཆུང འབྱུང་འཕྲོད་འཕེལ་རྒྱས”སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བ་རེད།

མཉམ་སྐྲུན་མཉམ་སྤྱོད་བྱས།

དམངས་ཡོངས་ཀྱི་སྤྱི་ཡོངས་བྱང་ཚད་མཐོ་རུ་གཏོང་བ་ནི་ཤེས་དཔལ་གྲོང་ཁྱེར་འཛུགས་པའི་དམིགས་ཚད་ཡིན་ཞིང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་བཟང་པོ་འཛུགས་རྒྱུ་དེ་ཡང་ཤེས་དཔལ་གྲོང་ཁྱེར་འཛུགས་པར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། དེར་བརྟེན་དར་མདོ་གྲོང་ཁྱེར་གྱིས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད“ཕྱོགས་གཉིས་དམ་འཛིན་བྱེད་པར་ལག་ཟུང་དམ་པོ་བྱེད་དགོས”པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཤེས་དཔལ་གྲོང་ཁྱེར་གཛུགས་པའི་བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་རིག་གནས་དམངས་ཕན་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ཡོད།

དར་མདོ་གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་ཁོ་ནར་དར་མདོ་གྲོང་ཁྱེར་གྱིས་ཡུལ་ཤོག་དང་གྲོང་རྡལ་ཁག་གི་ཕྱོགས་བསྡུས་རིག་གནས་ས་ཚུགས་དང་མཉམ་འབྲེལ་ཐོག་རིག་གནས་གཤམ་སྐྱོད་བྱེད་སྒོ་ཐེངས69ཧུར་ཐག་སྤེལ་བ་དེ་གྲོང་ཁྱེར་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ(ཁྲོམ་གཞུང་གཞུང་དོན་ཁང)17དང་སྲིད་འཛིན་གྲོང་ཚོ214ལ་ཁྱབ་ནས་མི62877ལ་ཕན་པ་ཐོབ་ཡོད་པ་རེད། “3·15” ང་ཚོའི་ཀྲུང་གོའི་ཕུགས་འདུན·རིག་གནས་ཁྱིམ་ཚང་ཁྲི་ལ་སྤེལ་བ་དང“མཛའ་གཞས་ཀྱི་ཆོལ་ཁ·གནས་མཆོག་དར་མདོ” “2023ལོའི་དར་མདོའི་མཛའ་གཞས་གྲོང་གི་རོལ་དབྱངས་དུས་སྟོན། ” “བཞི་པའི་ཚེས་བརྒྱད”ཕག་མོ་རི་སྐོར་དུས་ཆེན་གཟུགས་མེད་རིག་གནས་ཤུག་བཞག་དམངས་སྲོལ་བྱེད་སྒོ། མི་སྟོང་གི་སྐོར་བྲོ་མེ་ཕུང་དགོང་ཚོགས་སོགས་གཙོ་དོན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བ་དེས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། ད་དུང་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཀྱང་ཆེ་རུ་ཕྱིན་ཡོད།

ད་ཆར་ཁྲོམ་ལམ་དང་ཞིང་ཁ། གྲོང་སྡེའི་ལམ་ཕྲན་གང་དུ་སོང་ཡང་རྒྱ་ཆེ་བའི་གྲོང་མི་ཚང་མས་ཤེས་དཔལ་གྱི་མཛེས་སྡུག་དངོས་སུ་མྱོང་ཚོར་ཐུབ་ཀྱི་ཡོད། ཤེས་དཔལ་གྲོང་ཁྱེར་འཛུགས་པར“མདུན་སྐྱོད་གླུ་གཞས”ལེན་པ་ལས“མཚམས་འཇོག་དུང་སྒྲ”སྒྲོག་མི་སྲིད། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་འཛུགས་པའི་ལམ་བུ་གསར་པའི་ཐོག་དར་མདོ་གྲོང་ཁྱེར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་མུ་མཐུད་ལག་ལེན་ཧུར་ཐག་བསྟར་ནས་ཤེས་དཔལ་གྲོང་ཁྱེར་འཛུགས་པའི་ལས་དོན་མིའི་སེམས་གཏིང་ལ་ཟུག་པར་བྱས་ནས་ཤེས་དཔལ་གྱི་མེ་ཏོག་ཡུན་རིང་བཞད་པ་དེ་དར་མདོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་འགྲོ་བའི་སྒུལ་ཤུགས་སུ་འགྱུར་ངེས་སོ།།




  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སུ་རང་བྱུང་སོལ་རླངས་འདྲེན་པའི་མདོང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི11.8ལ་ཟིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།