དཀར་མཛེས་ཁུལ་ཨུའི་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས5པ་འཚོགས།

ཐུབ་བསྟན་དང་ལྷ་འཛོམས། ཡེ་ཤེས་བཅས་ཀྱིས་བསྒྱུར།        2023-08-04

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

(2023ལོའི་སྤྱི་ཟླ8པའི་ཚེས1ཉིན། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ།)


དཀར་མཛེས་ཁུལ་ཨུའི་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས5པ་འཚོགས།


   ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ2023ལོའི་སྤྱི་ཟླ8པའི་ཚེས1ཉིན་དར་མདོར་འཚོགས་པ་རེད།

   ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་ཁུལ་ཨུའི་ཨུ་ཡོན61དང་། ཁུལ་ཨུའི་རྗེས་སྣོན་ཨུ་ཡོན11ཡོད་པ་རེད། ཁུལ་སྒྲིག་ཁྲིམས་ཨུ་ལྷན་གྱི་རྒྱུན་ཨུ་དང་ཁུལ་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་དང་། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྲོད་ཀྱི་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་བྱས་པ་རེད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས། ཏང་རྩ་འཛུགས་བཅས་ཀྱི་འགན་འཁུར་བློ་མཐུན་ནམ་མ་དངུལ་གཏོང་མཁན(འགན་འཁུར་བ)ཏང་མི་འཐུས་མི་རྣམས་གདན་ཞུས་ལྟར་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།

   ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་བ་རེད།


དཀར་མཛེས་ཁུལ་ཨུའི་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས5པ་འཚོགས།


   ཚང་འཛོམས་གྲོས་ཚོགས་ཐོག་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱ་རྒྱུ། ཧྲེན་དབྱང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་བར་ཉན་འཇོག་དང་གྲོས་བསྡུར་བྱས་ཤིང་།《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ནུས་རྒྱུ་གཙང་མ་གཙོ་བོར་བྱས་ཏེ་བཟོ་ལས་ཅན་གསར་པར་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏང་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཧྲེན་དབྱང་གིས《ཆོད་དོན(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

   ཚང་འཛོམས་གྲོས་ཚོགས་སུ་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ས་གཞི་ཆེན་མོར་ཐོག་མཐའ་བར་གསུམ་དུ་བརྩེ་དུང་ཟབ་མོ་བཅངས་ཡོད། སྤྱི་ཟླ7པའི་ཚེས25ནས27ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་གཅིག་ལྷག་འདས་རྗེས་སླར་ཡང་སི་ཁྲོན་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་འཇོག་གནང་རྗེས་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གནང་བ་དང་།དེས་སི་ཁྲོན་གྱི་ལས་དོན་ལ་ཐུགས་རེ་ཆེན་མོ་དང་སི་ཁྲོན་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་མཚོན་པ་རེད། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པ་ནི་སི་ཁྲོན་གྱི་བཅོས་བསྒྱུར་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་མཐའ་གཅིག་ཏུ“གཏན་འཁེལ་གཉིས”བརྩི་སྲུང་དང་།“སྲུང་སྐྱོང་གཉིས”བྱེད་ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་གནང་བའི་དུས་རབས་ཀྱི་འགན་འཁྲི་དང་། གསལ་བཏོན་གནང་བའི་ལས་འགན་གལ་ཆེན་དང་བླང་བྱ་གལ་ཆེན་བཅས་ལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ“སྤྱི་ཡོངས་ཆེན་པོ་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན་དང་ཇུས་ཆེན”བློ་ལ་བརྟན་པོར་བཅང་དགོས།ཐུགས་ཁུར་བློ་ལ་བརྟན་པོར་ངེས་པ་དང་།མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། དྲིན་དྲན་ཡར་བརྩོན་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པ་དང་། འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་ཧུར་ཐག་བརྩམ་དགོས། 

   ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཤིང་། མཐའ་གཅིག་ཏུ་ངོས་འཛིན་བྱས་དོན། སྣེ་མང་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གི་ལས་འགན་མདུན་དུ་ཁུལ་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་ཅིང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་པ། ཞིང་ཨུའི“སྤྱིའི་སྣེ་ཁྲིད་དང་སྤྱིའི་གཞི་འཛིན་ས། སྤྱིའི་བསམ་ཕྱོགས”ཀྱི་སྤྱི་བཀོད་ལ་དམ་པོར་དམིགས་ཤིང་། ཁུལ་ཨུའི་གཙོ་ཕྱོགས་གཅིག་རྒྱུན་འཁྱོངས་དང་། དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་འཛུགས་པ། སྒུལ་ནུས་ཆེན་པོ་སྐྱེད་སྲིང་། འཐབ་ཇུས་ཆེན་པོ་ལྔ་ལག་ལེན་བཅས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ནས། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ“བློ་དཀར་དང་འགན་འཁུར།  ལས་བརྩོན། བློས་འབུལ། མཐུན་སྒྲིལ”བཅས་ཀྱི་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་བྱ་གཞག་ཁག་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།

   ཚང་འཛོམས་གྲོས་ཚོགས་སུ་ནན་བཤད་བྱས་དོན། བཟོ་ལས་ཅན་གསར་པ་ནི་དེང་རབས་ཅན་གྱི་འགྲོ་ལམ་ཉག་གཅིག་ཡིན་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དཔལ་འབྱོར་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། དེ་སྔར་འཛམ་གླིང་དུ་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འགྲོ་བཞིན་ཡོད་ལ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཤུགས་ཆེན་སྤེལ་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་ཐོན་ལས་འབྲེལ་ཐག་བསྐྱར་སྒྲིག་དང་མཁོ་སྤྲོད་འབྲེལ་ཐག་བསྐྱར་འཛུགས། རིན་ཐང་འབྲེལ་ཐག་བསྐྱར་བཟོ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། དཀར་མཛེས་ཁུལ་གྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངགས་བཅོལ་ཟབ་མོ་གནང་བ་དེ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཟུང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་འཐུས་ཚང་དང་གནད་ལ་འཁེལ་པ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རིག་གནས་མ་ལག་ནང་མཉམ་འདྲེས་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལས་འགན་ཨང་དང་པོ་དམ་དུ་བཟུང་ཞིང་། ནུས་རྒྱུ་གཙང་མ་ གཙོ་ཁྲིད་ཀྱི་སྟོབས་ཤུགས་དང་ཁྱད་འཕགས་ཐོན་ལས་རྩ་བའི་གཞི་འཛིན་སར་བརྩི་བ།བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བ་གཙོ་གནད་དུ་བྱེད་པ། སྒུལ་ནུས་སྐྱེད་སྲིང་བྱ་རྒྱུ་སྒུལ་ཤུགས་གཙོ་བོར་བྱེད་པ། ཐོན་ལས་གླིང་ཁུལ་གཞི་སྟེགས་གཙོ་བོར་བྱེད་པ་བཅས་རྒྱུན་འཁྱོངས་ནས། ལེགས་ཆ་འདོན་སྤེལ་དང་། ཞན་ཆ་གསབ་པ། བྱེད་པོ་སྟོབས་ཆེར་གཏོང་བ། སྒུལ་ནུས་ཆེ་རུ་གཏོང་བ་བཅས་ལ་འབད་དེ་དཀར་མཛེས་ཁུལ་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུའི་ཐད་ཤུགས་གནད་སྨིན་བཏོན་ཏེ། དེང་རབས་ཅན་གྱི་དཀར་མཛེས་ཁུལ་སྐྲུན་པར་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་སྲ་ཞིང་བརྟན་པ་གདིང་དགོས།

   ཚང་འཛོམས་གྲོས་ཚོགས་སུ་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་བསྐྲུན་རྒྱུའི་འཕེལ་རྒྱས་ཀྱི་དམིགས་འབེན་བཏོན་ཡོད།2027ལོར་བསླེབ་སྐབས། ཁུལ་ཡོངས་ཀྱི་ཐོན་ལས་འདུས་ཚོགས་ཅན་གྱི་ཆུ་ཚད་དང་ཐོན་ལས་འབྲེལ་ཐག་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ཁྱད་ཆོས་དེ་བས་མངོན་གསལ་དོད་ཅིང་། གྲུབ་ཆ་དེ་བས་ལེགས་སུ་ཕྱིན་པ། སྒུལ་ནུས་འདེགས་སྐྱོར་དེ་བས་ཤུགས་ཆེར་ཕྱིན་པ། ནུས་རྒྱུ་གཙང་མས་གཙོ་ཁྲིད་བྱེད་པའི་བཟོ་ལས་ཅན་གྱི་མ་ལག་གསར་པའི་ཐད་གོམ་སྟབས་ཆེན་པོ་སྤོས་ཐུབ་པ། ཁྱད་ཆོས་ཞིང་འབྲོག་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གསར་གཏོད་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོན་པ། ཐོན་སྐྱེད་བྱེད་སྟངས་གཞན་སྒྱུར་རིམ་སྤོར་ཐད་ཚད་བརྒལ་གསར་པ་འབྱུང་བའོ།།2035ལོར་བསླེབ་དུས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་དང་། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ། དེང་རབས་མཐོ་སྒང་ཁྱད་ཆོས་ཞིང་འབྲོག་ལས་ཀྱི་རྟེན་གཞི་བཅས་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། ཞིང་ཆེན་ཡོངས་དང་མཉམ་དུ་བཟོ་ལས་ཅན་གསར་པ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ། ཐོན་ལས་གསུམ་པའི་འཕེལ་རྒྱས་ཀྱི་ནུས་རིམ་དང་ཕྱོགས་བསྡུས་དངོས་ཤུགས་ཕྱོགས་ཡོངས་ནས་འཕར་བ། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག། འཛད་སྤྱོད་འབྲེལ་ཐག་ནང་ཟབ་ཞུགས་ཐུབ་པའི་ཐོན་ལས་ཀྱི་ཚོགས་འདུས་ཚོགས་ཤིག་ཆགས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྤྱི་ཁོག་ནས་འགྲུབ་པའོ།།

   ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཁྱད་འཕགས་དེང་རབས་ཅན་གྱི་ཐོན་ལས་མུ་མཐུད་དེ་སྟོབས་ཆེར་གཏང་དགོས། གློག་ཁུངས་དང་གློག་དྲྭ། ཐེག་ནུས། ནུས་གསོག་བཅས་གཞི་གཅིག་ཅན་དང་ཆུ་རླུང་འོད་དྲོད་ནུས་གསོག་ནུས་མང་ཕན་གསབ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་ཏེ། ཤར་ལྷོ་ནུབ་བྱང་དབུས་རྒྱུད་མཐུན་སྦྱོར་གསབ་རེས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་ལྔ་འཆར་འགོད་འཛུགས་སྐྲུན་བྱས་ནས་ཆུ་གློག་དང་། འོད་ཤུགས། རླུང་ནུས། འཐེན་གསོག། ཧའེ་ནུས། དེ་བཞིན་ནུས་རྒྱུ་གསར་པ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་བ་དང་། ནུས་རྒྱུའི་འཛད་སྤྱོད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། འབྱུང་འཕྲོད་ཐཱན་ཉུང་དང་ཉེན་མེད་ཕན་འབྲས་ཆེ་བའི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཚོགས་སྤྱི་གཏོད་དགོས། ཡུལ་སྐོར་ལམ་ཐིག་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། འདབ་པའི་ཉི་སྟེན་གྲོང་ཚོའི་གནའ་བོའི་གྲོང་ཚོ་སྲུང་སྐྱོང་སླར་གསོའི་ལས་གཞི་ལག་ལེན་བསྟར་ཞིང་། འཛད་སྤྱོད་རྣམ་པ་མུ་མཐུད་དེ་ཕུན་སུམ་ཇེ་ཚོགས་བཏང་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་འགྲོ་རྒྱུར་སྐུལ་འདེད་གཏང་དགོས། ཡུལ་སྡེ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་ཤུགས་རྒྱག་པ་རྒྱུན་འཁྱོངས་ནས“གཙང་གསུམ་རྒྱུད་དྲུག”གི་དེང་རབས་ཞིང་ལས་ཐོན་ལས་ཁུལ་དང་རྒྱལ་ཁབ་རིམ་པའི་ནོར་གནག་ཐོན་ལས་འདུས་ཚོགས་མགྱོགས་པོར་བསྐྲུན་ཏེ། ཞིང་འབྲོག་ལས“འབྲེལ་གསུམ་མཉམ་འཛུགས”ལ་སྐུལ་སྤེལ་དང་། ཁྱད་ཆོས་ཞིང་འབྲོག་ལས་ཀྱི་འབྲེལ་ཐག་ཧྲིལ་པོ་ཇེ་བཟང་དུ་ཡོང་བར་བསྐུལ་དགོས། ཐོན་ལས་གཅིག་སྡུད་ཁུལ་གྱི་འཕེལ་རྒྱས་ནུས་རིམ་སྟོབས་ཆེར་གཏོང་བ་དང་། ས་ཁོངས་བརྒལ་བའི་གླིང་ཁུལ་གྱི་འགྲན་རྩོད་ནུས་པ་གཙོ་བོ་ཆེ་རུ་གཏོང་ཞིང་། ཁུལ་ནང་ཁུལ་གྱི་བཟོ་ལས་གཅིག་སྡུད་ཁུལ་འཛུགས་པར་སྐུལ་བ་དང་། ལི་ཐོན་ཁུངས་བཟོ་སྣོན་ཞིབ་ཚགས་འཕེལ་རྒྱས་ཡོང་བ་སོགས་གསར་དར་ཐོན་ལས་བཀོད་སྒྲིག་བྱ་དགོས། ཁྲོམ་རའི་བྱེད་པོ་སྐས་རིམ་བཞིན་སྐྱེད་སྲིང་བྱེད་པའི་ལས་གྲྭ་ལག་བསྟར་དང་། ཁྲོམ་རའི་བྱེད་པོ་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་བསྐུལ་དགོས། 

   ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཁྱད་འཕགས་དེང་རབས་ཅན་གྱི་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་སྒུལ་ནུས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱ་དགོས། ཐོན་ལས་ལག་རྩལ་གསར་གཏོད་ལ་ཤུགས་རྒྱག་པ་དང་། ཚན་རྩལ་གསར་གཏོད་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་བར་དུས་གཅིག་ཏུ་ཤུགས་བརྒྱག་དགོས། ཨང་ཀིའི་དཀར་མཛེས་ཁུལ་སྐྲུན་ཤུགས་ཆེ་རུ་བཏང་ནས་ཨང་ཀིའི་ཅན་གྱི་ཕྱོགས་སྒྱུར་ཚད་གཞི་དང་བཀོལ་སྤྱོད་རྣམ་པ་ཁྱད་ཆོས་ཡོད་པ་གཏོད་དགོས། ཆུ་ཚད་མཐོ་བའི་སྒོ་འབྱེད་མཉམ་ལས་ལ་རྒྱུན་མཐུད་སྐུལ་བ་དང་། སྤུས་རྟགས་ཀྱིས་སྣེ་ཁྲིད་ཤུགས་ཆེ་རུ་བཏང་སྟེ། ཁྱད་ཆོས་ཁྱད་འཕགས་ཐོན་ལས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཐོན་ལས་འབྲེལ་ཐག་ཏུ་སྣུར་སྲིང་ཐུབ་པར་བསྐུལ་དགོས། ཐོན་ལས་ལྷད་མེད་ཅན་དུ་འཕེལ་རྒྱས་ལ་སྐུལ་བ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཛའ་མཐུན་གྱི་ལྷད་མེད་ཐོན་སྐྱེད་དང་འཚོ་བའི་མ་ལག་བཙུགས་ཏེ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་ཡོང་བའི་ཐད་བསྟུད་མར་ཤུགས་བརྒྱག་དགོས། 

   ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་འདེགས་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས། ཐོན་ལས་འཕེལ་རྒྱས་གཏོང་བའི་དགོས་མཁོ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། སྔོན་ཁྲིད་རང་བཞིན་ལྡན་པའི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་པར་ཤུགས་བརྒྱག་དགོས། ནོར་སྲིད་ཀྱི་མ་དངུལ་འཇོག་ཤུགས་དང་། དངུལ་རྩའི་འགན་སྲུང་། ཁྲལ་བསྡུའི་རྒྱབ་སྐྱོར། ས་ཆ་བེད་སྤྱོད་འགན་སྲུང་། ནུས་ཁུངས་བེད་སྤྱོད་འགན་སྲུང་། དཔྱད་ཞིབ་བརྩོན་སྐུལ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ཁེ་ལས་མཁས་ཅན་ཕུལ་བྱུང་གི་ཤེས་ལྡན་པའི་དཔུང་ཁག་དང་། ཚན་རྩལ་ཤེས་ལྡན་པའི་དཔུང་ཁག། ཐོན་ལས་བཟོ་པའི་དཔུང་ཁག། དཀར་མཛེས་ཁུལ་གྱི་ལག་ཤེས་པའི་དཔུང་ཁག་བཅས་སྐྱེད་སྲིང་དང་སྟོབས་ཆེར་གཏང་དགོས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྱོང་ཤུགས་ཆེན་བཏང་ནས་ཐོན་ལས་ལ་དམ་འཛིན་ཆེན་པོ་དང་ཐོན་ལས་དར་ཞིང་སྤེལ་བའི་ཁོར་ཡུག་བསྐྲུན་དགོས།

   ཚང་འཛོམས་གྲོས་ཚོགས་སུ་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་མཐར་ཕྱིན་དང་། ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་ནི་ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཁུལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། དྲིལ་བསྒྲགས་དང་སྒྲོག་འགྲེལ། དེ་བཞིན་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་བཀོད་སྒྲིག་ཏུ་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱ་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཙོ་དོན་སློབ་གསོར་ཇུས་འགོད་ཡག་པོ་བྱེད་པ་དང་།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་བ། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་བསྐྲུན་པར་རྩ་བའི་འགན་ལེན་བྱ་དགོས། 

   ཚང་འཛོམས་གྲོས་ཚོགས་སུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ལྷན་གྱི་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། བློ་མཐུན་ཧྥུང་ཅུན་ཧྥེང་དང་ཧྥུ་པའོ་དཀར་མཛེས་ཁུལ་ནས་ལས་གནས་སྤོས་བའི་དབང་གིས་དཀར་མཛེས་ཁུལ་ཨུའི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུར་ཆོག་མཆན་སྤྲད་པ་རེད། 

ཚང་འཛོམས་གྲོས་ཚོགས་སུ2023ལོའི་ཟླ་བ་དང་པོའི་ཚེས17ཉིན་ལ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཨ་དབྱང་དོན་འགྲུབ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་བཅད་པར་ངོས་འཛིན་གཏན་འཁེལ་བྱས་པ་རེད། 

   ཚང་འཛོམས་གྲོས་ཚོགས་སུ་འབོད་སྐུལ་བྱས་དོན། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། སི་ཁྲོན་དང་།སི་ཁྲོན་བཅོས་སྐྱོང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པའི་རྒྱང་ལམ་གསར་པར་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་ཡག་པོ་བྲིས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས།།



  • ལེ་ཚན་སྔོན་མ།:མེ་ཏོག་ཤུན་དབྱི་ཚའོ་ཡི་མཚོ་མོ་འཁྱིལ་བའི་མི་ཉག་ར་རྔ་ཁ།
  • ལེ་ཚན་རྗེས་མ།: དྲན་གདུང་གིས་ཕྱུག་པའི་གནའ་ཉམས་སོར་བཞག་དང་།། གསོན་ཤུགས་ཀྱིས་ཁེངས་པའི་འཛུགས་སྐྲུན་ལས་ལ་བརྩོན།།
  • དོ་སྣང་ཆེ་བའི་རྩོམ།