བུ་ཆུང་ཁྱེད་ལ་རྟེན་འབྲེལ་ཞུ།

ཨོ་རྒྱན་གྱིས་བསྒྱུར།        2023-08-01

     སྤྱི་ཟླ7པའི་ཚེས26ཉིན་གྱི་ཉིན་གུང་གི་ཆུ་ཚོད13ཙམ་ལ། བརྒྱད་ཟིལ་རྫོང་སྦྲག་སྲིད་ཡན་ལག་སྤྱི་གཉེར་ཁང་ས་ལྔ་ལུང་ཡུལ་ཤོག་གི་ཡིག་སྐྱེལ་པ་ལིའུ་ཕུན་ཚོགས་ཀྱིས་བོད་ཀྱི་ན་གཞོན་ལོ17ལ་སླེབས་པ་ཞིག་ལ་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ནས་བསྐུར་བའི་མཐོ་རྒྱུགས་ཀྱི་བརྡ་ཐོ་ཞིག་སྤྲད་པ་རེད། འདི་ནི་བརྒྱད་ཟིལ་རྫོང་གི་ད་ལོའི་མཐོ་རྒྱུགས་བསྡུ་ལེན་གྱི་བརྡ་ཐོ་ཐོག་མ་དེ་ཡིན།

བུ་ཆུང་ཁྱེད་ལ་རྟེན་འབྲེལ་ཞུ།

     ཀུན་དགའ་ནི་དཀར་མཛེས་ཁུལ་ས་གནས་རང་ནས་གསོ་སྐྱོང་བྱས་པའི་སློབ་མ་ཞིག་ཡིན་ལ། བརྒྱད་ཟིལ་རྫོང་སློབ་འབྲིང་ནས་དམའ་འབྲིང་དང་དར་མདོ་སློབ་འབྲིང་ནས་མཐོ་འབྲིང་དུ་ཞུགས་ནས་ད་ལོའི་མཐོ་རྒྱུགས་ལ་བསྡོམས་སྐར649(སྐར་མ་བསྣན་རྒྱུ་ཚུད་མེད)ཡི་རྒྱུགས་སྐར་ཕུལ་དུ་བྱུང་བ་བླངས་པས་རྩིས་ཚན་གྱི་སྦྱངས་འབྲས་ཐོག་ནས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་བཟོ་ལས་ཚན་ཁག་གི་ཚོད་ལྟའི་འཛིན་གྲྭའི་འཕྲུལ་གློག་རིགས་ཀྱི་ཆེད་ལས་སུ་རྒྱུགས་འཕྲོད་པ་རེད།

བུ་ཆུང་ཁྱེད་ལ་རྟེན་འབྲེལ་ཞུ།

     ཉིན་དེར། ཞིང་ནང་དུ་ལས་ཀར་འཇུག་བཞིན་པའི་ཀུན་དགའ་ཡིས་སློབ་བསྡུའི་བརྡ་ཐོ་འབྱོར་བ་ཤེས་པས་དགའ་སྤྲོ་དཔག་མེད་སྐྱེས་ཏེ་ཡིག་སྐྱེལ་པའི་མདུན་དུ་རྒྱུག་ནས་ཐུམ་སྒྲིལ་ལག་ཏུ་བླངས་ཏེ་མྱུར་དུ་ཁ་ཕྱེ་པ་རེད།

བུ་ཆུང་ཁྱེད་ལ་རྟེན་འབྲེལ་ཞུ།

     “ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དུ་རྒྱུགས་འཕྲོད་རྒྱུ་ནི་ངའི་ཕུགས་འདུན་དང་རེ་སྙེག་ཡིན་ལ། ད་རེས་ཕུགས་འདུན་མངོན་འགྱུར་བྱུང་ནས་སློབ་གྲྭ་དང་ཆེད་ལས་ཚང་མ་རང་གི་འདོད་མོས་བཞིན་འགྲུབ་སོང་ལ། འདི་ལས་ལྷག་པའི་ལེགས་སྐྱེས་ཤིག་གང་ན་ཡོད”ཅེས་བཤད་ཞོར་དུ་བསྡུ་ལེན་བརྡ་ཐོ་ཁ་ཕྱེ། ངོ་མ་རེད། སློབ་གྲོགས་ཀུན་དགའ་ལ་མཚོན་ན་འདི་ལས་ལྷག་པའི་ལེགས་སྐྱེས་རྩ་ཆེན་ཞིག་གང་ན་ཡོད། ལོ་བཅུ་གཉིས་རིང་གི་ཉིན་མཚན་སློབ་སྦྱོང་ལ་འབད་པའི་གྲུབ་འབྲས་ཤིག་ཕྱིར་མངོན་པ་ཡིན་ལ་བརྩོན་པ་ལས་བྱུང་བའི་མི་ཚེའི་ཟིན་ཐོ་གསར་པ་ཞིག་ཀྱང་བཀོད་ཡོད་པ་རེད།

བུ་ཆུང་ཁྱེད་ལ་རྟེན་འབྲེལ་ཞུ།

     ལྷག་པར་དངོས་ཁམས་རྩིས་རིག་ལ་སྦྱང་མོས་ཆེ་བའི་སློབ་གྲོགས་ཀུན་དགའ་ལ་མཚོན་ན། བཟོ་རིག་འཕྲུལ་གློག་རིགས་ཀྱི་སློབ་བསྡུའི་བརྡ་ཐོ་འདིས་ཁོའི་ཕུགས་འདུན་གྱི་སྒོ་མོ་གསར་པ་ཞིག་ཕྱེ་ཡོད་ལ། ཁོས་བཤད་རྒྱུར། ང་ནི་ཐོག་མཐའ་བར་གསུམ་དུ་ཚན་རིག་མཁས་ཅན་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་བཞིན་ཡོད། ཚན་རིག་ཞིབ་འཇུག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཞན་ཆའི་ལས་རིགས་ལ་ནུས་ཤུགས་དང་བློ་གྲོས་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།

     བུའི་ལག་གི་སློབ་བསྡུའི་བརྡ་ཐོར་བལྟས་ནས་ཁོའི་སློབ་སྦྱོང་གི་ལམ་བུ་ཕྱིར་དྲན་བྱེད་བཞིན་དུ་ནང་མི་ཚང་མར་སེམས་འགུལ་ཚད་མེད་ཐེབས་པ་དང་ཁོས་སློབ་སྦྱོང་གི་ལམ་བུར་མྱོང་བའི་དཀའ་ཁག་ལ་སྙིང་རྗེ་ཡང་སྐྱེས། ཁོའི་ཨ་མ་ཨོ་རྒྱན་ལྷ་མོས་བཤད་རྒྱུར། ངའི་བུ་ཀུན་དགའ་ནི་སློབ་སྦྱོང་ལ་ནན་ཏན་ཆེ་བར་མ་ཟད། འཚོ་བར་གྲོན་ཆུང་དང་བསྲི་ཚགས་ཅན་ཞིག་ཡིན་ལ་ཕ་མར་བསམ་ཤེས་བྱེད་མཁན་ཞིག་ཀྱང་ཡིན། ལོ་འདི་དག་ནང་ངེད་བཟའ་ཟླ་གཉིས་ཀྱིས་ཕྱི་རོལ་དུ་ལས་ཀའི་གླ་བརྒྱབ་ཏུ་སྐྱོད་ཀྱིན་ཡོད་པས་དུས་རྒྱུན་བུ་དང་མཉམ་འདུག་བྱེད་ཐུབ་ཀྱིན་མེད། ད་ཐེངས་ཀྱི་གྲུབ་འབྲས་འདི་ཁོའི་རང་ཉིད་ཀྱི་ནུས་པར་བརྟེན་ནས་ཐོབ་པ་ཡིན་པས་ཁྱིམ་མི་ཚང་མས་ཁོ་ལ་སྤོབས་པ་བསྐྱེད་དགོས་པ་ཞིག་རེད་ཅེས་བཤད།

བུ་ཆུང་ཁྱེད་ལ་རྟེན་འབྲེལ་ཞུ།

    སློབ་གྲོགས་ཀུན་དགས་བཤད་རྒྱུར། རང་ཉིད་ལ་གྲུབ་འབྲས་བཟང་པོ་འདི་ཐོབ་པ་དང་ཚང་མས་སྨོན་འདུན་དང་རེ་བཞག་འདི་ཚོ་སྟོང་ཟད་དུ་མི་གཏོང་ལ་གཅེས་སྤྲས་དང་དམ་འཛིན་བྱ་རྒྱུ་ཡིན། སློབ་ཆེན་དུ་ཞུགས་པ་ནི་ཚན་རིག་ཞིབ་འཇུག་གི་ལས་ཀ་བྱེད་མཁན་གྱི་སྒོ་རྡུང་བ་ཙམ་ཡིན་པས། དབྱར་གནང་རིང་སློབ་སྦྱོང་གི་འཆར་འགོད་ཡག་པོ་བྱས་ཤིང་དཔེ་དེབ་མང་ཙམ་བཀླགས་ནས་སློབ་གྲྭར་བསྐྱོད་ན་ད་གཟོད་དམིགས་ཡུལ་གསལ་པོར་མཐོང་ཐུབ། ད་དུང་ཁྱིམ་ལ་ཞིང་ལས་ཀྱི་རོགས་བྱེད་པ་དང་། གཅུང་པོ་དང་གཅུང་མོར་སློབ་ཚན་གསབ་ཁྲིད་བྱེད་ཀྱི་ཡོད་ཅེས་བཤད།

བུ་ཆུང་ཁྱེད་ལ་རྟེན་འབྲེལ་ཞུ།

     བདེན་དེ། རིག་པའི་བུ་ཆུང་འདིས་དབྱར་གནང་གི་དུས་ཚོད་ཚང་མ་བཀོད་སྒྲིག་འཐུས་ཚང་དུ་བཏང་ཡོད་ལ་སློབ་ཆེན་གྱི་འཚོ་བ་ལ་རེ་སྙེག་སྟོང་དང་ཡིད་ཆེས་ཁྲི་ཡི་སྤོབས་པ་ཆེན་པོས་འཇུག་རྩིས་ཡིན།

     གསར་འགོད་པས་ཁོ་ལ་སློབ་སྦྱོང་གི་ཉམས་མྱོང་སྐོར་ནས་སྐད་ཆ་འདྲི་སྐབས། ཁོས་དགའ་སྤྲོའི་ངང་བཤད་རྒྱུར། “དགའ་མོས་དང་། རྒྱུགས་ཤོག་འབྲི་བ། ཕྱོགས་བསྡོམས”བཅས་ནི་སློབ་སྦྱོང་གི་ཐབས་ལམ་ཆེས་གལ་འགངས་ཆེ་ཤོས་ཤིག་ཡིན་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་ཐབས་མཆོག་ནི“བློ་རྩེ་གཅིག་ཏུ་གཞོལ་བ་དང་རང་ཚུགས་ངང་བསམ་གཞིག་བྱེད་པ”དེ་རེད། ཁོས་འཛུམ་བཞིན་བཤད་རྒྱུར། “རྒྱུགས་ཤོག་རྐྱང་པ་བྲིས་པས་མི་ཕན་ལ། ཇི་མི་སྙམ་པར་སོས་དལ་དུ་གནས་པ་དེ་བས་ཀྱང་མི་རུང་ཞིང་། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས། ངས་རྩིས་རིག་དངོས་ལུགས་ཀྱི་དཀའ་གནད་ལ་འགྲན་སློང་བྱེད་པ་དེའང་རང་ཉིད་ལྷོད་ལ་བབ་ཐབས་ཤིག་ཡིན་ལ། སྦྱང་ཚན་གང་ཡིན་ན་དེ་ལ་དགའ་མོས་ལྡན་ན་གྲུབ་འབྲས་ཆེན་པོ་ཐོབ་ཀྱི་འདུག”ཅེས་བཤད།

བུ་ཆུང་ཁྱེད་ལ་རྟེན་འབྲེལ་ཞུ།

     ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ2023ལོའི་མཐོ་རྒྱུགས་སློབ་བསྡུའི་བརྡ་ཐོ་སྐྱེལ་སྤྲོད་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད་པས། ཟླ8པའི་ཟླ་སྟོད་དུ་མཐོ་རླབས་ཤིག་འཕྱུར་རྒྱུ་རེད། བརྒྱད་ཟིལ་རྫོང་སྦྲག་སྲིད་ཡན་ལག་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཐང་ཕིང་གིས་བཤད་རྒྱུར། མཐོ་རྒྱུགས་སློབ་བསྡུའི་བརྡ་ཐོ་གཏོང་བར་ནོར་འཛོལ་མི་འབྱུང་བའི་འགན་ལེན་བྱ་ཆེད། ཀྲུང་གོ་སྦྲག་སྲིད་ཀྱིས“ཐོགས་མེད་བགྲོད་ལམ”ཆེད་མངགས་བཏོད་དེ་ལམ་ཚད་ཧྲིལ་པོར་དམིགས་བསལ་གྱིས་སྦྲག་རྫས་ཚད་གཞི་ལྟར་ཐག་གཅོད་བྱས་པ་དང་ཆེད་བསྐོས་མི་སྣ་དང་། ཆེད་ཁུལ། ཆེད་འཁོར། རྐྱང་འཛིན། ལོགས་སྤྲོད་བཅས་ལག་བསྟར་བྱས་ནས་རྒྱུགས་སྤྲོད་སློབ་མར་སློབ་བསྡུའི་བརྡ་ཐོ་བདེ་བླག་ངང་འབྱོར་རྒྱུ་འགན་ལེན་བྱས་ཡོད་ཅེས་བཤད་པ་རེད།


  • ལེ་ཚན་སྔོན་མ།:དཀར་མཛེས་གཞོན་ནུའི་ལྔ་བཞིའི་གཟེངས་བསྟོད་ཐོབ་མཁན་ཁྱབ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།