ཁྱི་བསྔགས་བྱིས་པའི་འོལ་ཚོད་ཀྱི་གླུ།

ཆོས་འབྱོར་རྒྱ་མཚོ།        2023-07-31

རབ་དཀར་ཁ་བའི་མེ་ཏོག་ཡུན་རིང་ལ་བཀླུབས་ཏེ།།

རབ་དཀར་མི་རྒན་འཆི་མེད་གྲུབ་པ་ཡི་བགྲེས་སོང་།།

རབ་མཛེས་གངས་རི་དཀར་པོའི་པང་ཁུག་ན་ཡོད་པའི།།

རབ་མང་འབྲོག་པའི་སྒོ་སྲུང་སྟག་རྒོད་ཀྱི་ཁ་འཛིན།།

འཛིན་ཡངས་འཛིན་མའི་ཁྱོན་ཀུན་བདེ་སྐྱིད་ཀྱི་ཁྱབ་དུས།།

མཐའ་བཞི་མཐའ་དག་གཡང་གི་སྦྲ་སྒོ་རུ་འགྱིངས་དུས།།

ལྷ་ནོར་ལྷ་ཟོག་སྲུང་བའི་སྲུང་མ་རུ་གྲགས་པའི།།

དར་དཀར་དར་ཆ་འཛིན་པའི་སྤྱང་ལྟོགས་ཀྱི་དགྲ་ཟླ།།

ཟླ་མེད་ཟླ་བྲལ་སེང་གེའི་ཁ་སྟོབས་ལ་འགྲན་མཁན།།

ཕྱོགས་ལྷུང་ཕྱོགས་ཀུན་བཅོམ་ལ་དཔའ་ངར་རང་ལྡན་པ།།

སྤུ་ཡི་སྤུ་མདོག་འོལ་ཚོད་སྨྲ་བ་ནི་མི་ཕོད།།

དགྲ་ལྷ་དགྲ་བཅོམ་སྒོ་སྲུང་གཡང་ནོར་གྱི་ནོར་སྲུང་།།

བཀྲ་ཤིས་བཀྲ་བའི་མེ་ཏོག་བསྟུད་མ་རུ་བཞད་པའི།།

འབྲོག་སྡེ་འབྲོག་མང་འདུས་པ་ཉིན་མཚན་ལ་སྲུང་བའི།།

བཙན་རྗེ་བཙན་གྱི་བློ་དཀར་འགྱུར་མེད་ཀྱི་གཤིས་ཅན།།

སྟག་ཁྱི་འབྲོག་ཁྱི་བློ་དཀར་དྭངས་རྩེ་ཡི་དབུ་ཁྱུད།།

རྒྱལ་སྲས་ཐོགས་མེད་སྙིང་རྗེའི་གཏེར་ཆེན་དུ་འགྱུར་དུས།།

འཕགས་པ་བྱམས་མགོན་སྤྲུལ་ཟློས་ཁྱི་ཚུལ་ལ་རོལ་སྐད།།

བདེ་གཤེགས་འཕགས་པ་ཆེན་པོའི་སྙིང་རྗེ་ཡི་ཡུལ་མཆོག།

ཁྱི་ལས་བྱང་ཆུབ་སྙིང་རྗེའི་གཏེར་ཆེན་རེ་གཏེར་སྦས།།

གང་གི་མཆེ་གཙིགས་ཁྲོ་ཆེན་འབར་བ་ཡི་མཆེ་རྣོ།།

གང་གི་སྤྱན་ཟུང་ཉི་ཟླ་གཉིས་འཆར་ལ་གཉེན་ཞིང་།།

གང་གི་ལྗགས་འདྲིལ་འཁྲིལ་ཚེ་ལྷ་ལྗགས་ལ་མཚུངས་མཆིས།།

གང་ལུས་མི་འགྱུར་ངར་ལྡན་རྒྱ་སྟག་གི་ཟླ་འཁུ།།

མི་འཇིགས་ཆར་དང་གྲང་ངར་བཟོད་དཀའ་ལ་བསྲན་པའི།།

མི་འཇིགས་གངས་ཆར་གདོང་གིས་བསུ་བ་ཡི་རྨུ་རྒོད།།

མི་ཡི་ལུས་ལ་རྡོ་རྗེའི་གར་ཐོབ་ཀྱི་འབྲོག་པའི།།

མི་ཟོག་ལྷ་ནོར་སྲུང་བའི་སྟག་ཁྱི་དེ་བཙན་ནོ།།



  • ལེ་ཚན་སྔོན་མ།:བྱ་ཁུ་ལོ་འཕུར་སའི་ནགས་ཀློང་ནས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།