རང་ཉིད་གཉིས་སུ་ཕྱེ་བའི་སྙན་ངག།

        2023-07-28

གངས་ཀྱིས་ས་ཆེན་བཀླུབས་སོང་ངོ་།།

བྱེའུ་ཆུང་སེམས་པ་འཁྱག་བྱུང་ངོ་།།

རབ་དབེན་སྤྱིལ་བུའི་སྒོ་ཁ་རུ།།

ཁྱོད་ཀྱིས་སྙན་ངག་ཀློག་ཞོར་དུ།།

མཁའ་མཐའི་ཉི་མར་ལྟ་ཙམ་བྱེད།།

ང་ལ་བལྟས་ཏེ་འཛུམ་ཙམ་བྱེད།།

དེ་ཚེ་ང་ཡི་སེམས་ནང་དུ།།

ཚེ་ཡི་ཆུ་ནི་འཛད་བཞིན་པའི།།

ནམ་ཞིག་འུ་གཉིས་སུ་ཞིག་གིས།།

ལུས་འདི་བསྐྱུར་ཏེ་རྣམ་ཤེས་ནི།།

བྱ་སྒྲོ་རླུང་གིས་ཁུར་བ་བཞིན།།

ག་ཤེད་ཅིག་ལ་མི་བཞུད་པར།།

རང་དབང་སུ་ལ་མེད་པ་འདི།།

སེམས་ལ་འཁོར་ནས་ཡང་ཡང་སྨེང་།།

སྨེང་ཡང་སྨེང་བ་དོན་མེད་མིན།།

ད་ལྟའི་དུས་ཚོད་སྐད་ཅིག་མ།།

གཅེས་པར་བཟུང་ན་དེ་ལས་ལྷག།

གང་ལ་སོང་རུང་མི་རྙེད་དོ།།

དེ་སྐད་སྙམ་བཞིན་སྙན་ངག་གི།

ཁྲུས་ལ་ཞུགས་པའི་ཁྱོད་ལུས་ལ།།

བལྟས་ཏེ་ངས་ཀྱང་སྙན་ངག་གི།

ཁྱེ་འུ་ཞིག་ལ་ཁ་བརྡ་བྱས།།

ཅུང་ཙམ་ཞིག་ནས་སྙན་ངག་གི།

ཁྲུས་ལ་ཞུགས་པ་ང་ཉིད་དོ།།

སྙན་ངག་ཁྱེ་འུར་ཁ་བརྡ་ཞིག།

བྱེད་མཁན་དེ་འང་ང་ཉིད་དོ།།

དེ་ནི་རྟོག་པའི་འཇིག་རྟེན་གྱི།།

རང་གིས་རང་ཉིད་མཐོང་བ་འོ།།

སྐད་ཅིག་བཞུར་བའི་དུས་ཚོད་ཀྱི།།

ཆུ་རུ་ང་ཉིད་ཀོ་གྲུ་ཞིག།

ངའི་སྟེང་སྙན་ངག་སྒྲོག་པ་ཡི།།

བྱེ་འུ་དག་ནི་གཉིད་དུ་ཡུར།།

ནམ་ཞིག་ཉི་མ་ནུབ་པའི་ཚེ།།

དྲོད་འཇམ་སྟེར་བའི་ན་ཆུང་མས།།

སྙན་ངག་བརྒྱ་ཕྲག་ཅིག་ཁྱེར་ཏེ།།

ང་ཡི་སྟེང་དུ་ཕེབས་ཡོང་ངོ་།།

དེ་དུས་ཁ་བ་འབབ་ཡང་སྲིད།།

དེ་མིན་ཆར་བ་འབབ་ཡང་སྲིད།།

༼ ཐོར་བུ། ༽


  • ལེ་ཚན་སྔོན་མ།:བདག་གི་ནམ་མཁའ་དང་ས་གཞི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།