རྗེ་མི་ལའི་ཞབས་ལ་ཕྱག་འཚལ་ལོ།

རྣལ།        2023-07-24

ཡུལ་དབུ་རུའི་བྱང་ཕྱོགས་འབྲོག་སྡེ་རུ།།

ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་།།

ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་བུ།།

རུས་ཁྱུང་པོ་ལྕགས་ཀྱི་སྒལ་ཚིགས་ཅན།།

སྨན་བཟང་མོ་མཛེས་སེ་གམ་བླངས་ན།།

ལོ་གཞོན་པའི་སྣང་བ་སྐྱིད་འདུག་གམ།།

ཡབ་རྒྱལ་མཚན་ནད་ཀྱིས་གྲོངས་པ་བསྟུན།།

གཉེན་ཨ་ཁུ་ཨ་ནེས་སྡུག་གཏད་སྐབས།།

ཡུམ་མྱང་ཚའི་ལག་འཇམ་གས་པའི་དུས།།

སྙིང་དམར་པོ་ལྷོག་ལྷོག་ལྡང་བ་ན།།

དགྲ་ནག་པོའི་སྙིང་ཁྲག་འཐུང་འདོད་དམ།།

ཡུམ་ཆེན་མའི་སྨྲེང་ཚིག་སེམས་བཟུང་སྟེ།།

རྟ་དཀར་པོའི་ཆིབས་ཁ་ཕར་འཁོར་དུས།།

ཞེ་སྨྲེང་བའི་མཆི་མས་ངག་བཀག་སྐབས།།

མིག་མཆི་མའི་ཆར་ཞོད་འབབ་ཡོད་ཀ །

ཡིད་མྱང་ཚ་འཁྲེང་ན་ཅི་འདྲ་རེད། །

མིག་མཛེས་སེར་འཁོར་དུས་ཅི་དྲན་ཁུ། །

རྗེ་ཁུ་ལུང་ཡོན་ཏན་རྒྱ་མཚོའི་སར།།

མཐུ་གཟའ་གདོང་དམར་ནག་སྒྲུབ་པ་ན།།

ཞག་བཅུ་བཞི་དལ་མགྱོགས་ཅི་འདྲ་རེད།།

མཐུ་བསྒྲུབས་པའི་གྲུབ་རྟགས་ཤེས་སྐབས་སུ།།

སྙིང་དམར་པོ་དྲོད་ཀྱིས་ཨེ་ཁྱབ་ཐལ།།

གཉེན་དགྲ་བོའི་མགོ་བོ་དེ་ནས་གནན།།

རྗེ་གཡུང་སྟོན་ཁྲོ་རྒྱལ་རྒན་གཏམ་གྱིས།།

ཁྱེད་ཐར་བའི་ས་བོན་སེམས་སུ་བཞག།།

སེམས་སྨྲེང་བའི་མིག་རྩ་ཆུས་བསྐོར་དུས།།

རྗེ་བླ་མ་ཞེས་པ་གང་ནས་དྲན།།

སྐུ་སྒྲ་བསྒྱུར་མར་པ་ཞལ་མཇལ་ནས།།

མཁར་དགུ་བརྩེགས་དགུ་ཐོགས་བཞེངས་སྐབས་སུ།།

ལུས་སེམས་ཀྱི་དཀའ་ངལ་ཅི་འཕྲད་ཅིང་།།

ལམ་ཕྱིར་ཟློག་མེད་པའི་སྙིང་རུས་ཅན།།

རྗེ་མི་ལའི་ཞབས་ལ་ཕྱག་འཚལ་ལོ།།

རྗེ་བླ་མའི་དབང་བཞི་བསྐུར་བ་ན།།

ཆོས་གདེང་ཟབ་ཀྱི་པདྨོའི་ཞལ་ཁ་ཕྱེས།།

སྐུ་དཀྱིལ་འཁོར་ལྷ་རུ་མཇལ་བ་ན།།

ཆོས་ཉམས་ལེན་གྱི་རྟོགས་པ་སྔོན་དུ་འཁྲུངས།།

སྐུ་ཉམས་རྟོགས་ཅན་ལ་ཕྱག་འཚལ་ལོ།།

ཡུལ་གངས་རི་ལ་ཕྱི་ཀུན་ལ་སོགས།།

ཆོས་ཉམས་ལན་གྱི་གདམས་པ་སེམས་སུ་བླངས།།

གཞི་འཁོར་བ་ཡི་སྦྲུལ་གྱི་ཐག་པ་ལ།།

ཆོས་སྟོང་པའི་བདག་མེད་ཀྱི་ཤེས་རབ་སྦར།།

གཞི་བདེན་འཛིན་གྱི་ཐག་པ་དུམ་སེར་ཆད།།

སྐུ་མི་ལའི་ཞབས་ལ་ཕྱག་འཚལ་ལོ།།

ཐུགས་སྟོང་པ་ཉིད་ཀྱི་རྒྱ་མཚོ་འཁྱིལ།།

སྐུ་ཟགས་མེད་བདེ་བའི་སྙིང་རྗེས་ཁྱབ།།

ལམ་གསལ་སྟོང་དབྱེར་མེད་རྡོ་རྗེའི་སྐུ།།

རྗེ་མི་ལའི་ཞབས་ལ་ཕྱག་འཚལ་ལོ།།

རྗེ་མར་པའི་བཀའ་དྲིན་དྲན་པ་ན།།

ཡིད་དད་པའི་སྤུ་ལོང་རབ་ཏུ་གཡོས།།

སེམས་སྨྲེང་བའི་མགུར་དབྱངས་སྙན་ལྷང་ལྷང་།།

ཡུམ་བདག་མེད་མའི་སྐུ་དྲན་ཙ་ན།།

མིག་མཆི་མའི་ཕྱག་ཕྲེང་འཐོར་བར་གྱུར།།

ངག་མ་བཅོས་གདངས་ཀྱི་སྙན་དབྱངས་ན།།

ཡིད་འཕྲོག་པའི་ཚིག་གི་མཛེས་ཆ་འཁོར།།

རྗེ་མི་ལའི་ཞབས་ལ་ཕྱག་འཚལ་ལོ།།


  • ལེ་ཚན་སྔོན་མ།:ལས་འཕྲོའི་མདུད་པ་རིང་མོ།
  • ལེ་ཚན་རྗེས་མ།:མཚན་མོའི་དབྱངས།