རྟོག་པ་མྱོས་པའི་མགུར་ཆུང་།

ལྡེའུ་ནག།        2023-07-17

སྤྲིན་གྱ་གྱུ་མྱུར་མྱུར་གཤེགས་པའི་རྗེས། །

ཆར་ཟིལ་མས་མེ་ཏོག་ཞལ་རས་འཁྲུད། །

ཡུལ་འདི་གའི་རི་ཆུ་ནགས་གསུམ་ལ། །

ཡིད་དྭངས་པའི་བྱབས་ཁྲུས་ཡང་ཡང་བྱས། །

དེའི་འོག་གི་སྙིང་སྡུག་ཨུཏྤལ་མདངས། །

མིའི་སེམས་ཀྱི་འཇིག་རྟེན་མཐའ་ཡས་ཀྱང་། །

དེའི་ནང་ནས་ངའི་སེམས་གུ་ཡངས་པོ། །

ཁྱོད་ཚམ་ཚོམ་མེད་པར་བཞད་དང་འདྲ། །

དེ་སྟེས་པའི་དབང་གིས་རྗེས་འབྲེལ་ཞེས། །

ངས་དྲན་ལ་ཁྱོས་ཀྱང་དེ་ལྟར་བསྙད། །

ལས་དེ་ཡི་འབྲེལ་བའི་བར་ཐག་ནི། །

ལོ་ཟླ་བའི་གྲངས་ཀ་མ་དགོས་པར། །

ཚེ་སྔོན་ལས་རྗེས་སུ་དྲན་པ་ལྟར། །

དུས་སྐད་ཅིག་གཅིག་ནས་མཐུན་པ་བྱུང་། །

ལས་བག་ཆགས་སད་པ་ཡིན་ནམ་ཅི། །

ཡིད་ཚོར་བའི་གདེང་ལ་འཇའ་ཚོན་ཤར། །

འཇའ་དེ་ཡི་མཛེས་པ་བརྗོད་ལས་འདས། །

དཔེ་འདི་ཞེས་བཤད་པར་འདོད་ན་ཡང་། །

ངག་མགྲིན་པའི་ཀློང་ན་ཡང་ཡང་འགག །

ཡིད་དྲན་པའི་གཙང་པོ་ཡང་ཡང་སྐྱོམ། །

སེམས་བརྩེ་བའི་སྨིན་དྲུག་ཁྲ་ཚོམ་བཞད། །

ལོ་ཟླ་བ་རྟ་ཁྱུ་ཞོགས་ཞོགས་རེད། །

འདས་སོང་བ་ནམ་མཁའི་སྐར་མ་རེད། །

དེའི་ཁྲོད་ཀྱི་རྒྱུ་སྐར་འདྲ་བ་ནི། །

འཚོལ་དགོས་ཀྱང་བཙལ་རྒྱུ་དཀའ་མོ་རེད། །

ཡིད་བདེ་བའི་ངང་ཚུལ་ལ་སླེབས་པར། །

ལམ་འཇིག་རྟེན་འཚང་ག་མོད་ས་རུ། །

བློ་ཁྲེལ་གཞུང་གཙང་པོ་མ་བཞུར་པར། །

དུས་ད་ལྟའི་བར་དུ་སྨྲ་བ་གཅུང་། །

ཡང་སྨྲ་བ་རང་སེམས་གབ་ལ་སྦས། །

དེའི་རྒྱབ་ཀྱི་སྡུག་བསྔལ་མེ་སྟག་གིས། །

ཕྱི་རུས་པའི་སྒྱུ་ལུས་མ་ཚིག་ཀྱང་། །

ནང་སེམས་ཉིད་ནགས་ཚལ་ཤིན་ཏུ་བསྲེགས། །

  • ལེ་ཚན་སྔོན་མ།:ཡོད་ཚད་ལས་ཀྱི་བསྐོས་ཐང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།