ཡོད་ཚད་ལས་ཀྱི་བསྐོས་ཐང་།

གངས་ཐིགས།        2023-07-17

འཁོར་བའི་ལ་ཐང་བརྒལ་དུས། །

ཁྱེད་ཉིད་སེམས་སུ་འཁྲུངས་ཤིང་། །

དགུན་ལ་དྲོད་ཀྱི་རྟེན་ཡིན། །

དབྱར་ལ་བསིལ་གྲིབ་ལྗོན་ཡིན། །

དུས་ཚིགས་དབྱར་དགུན་གཉིས་ལ། །

ཁྱེད་ཀྱི་བརྩེ་བས་བསྐྱངས་སོང་། །

ད་ནི་འདྲེས་གོམས་གྱུར་པའི། །

ང་དང་འགྱེ་དགོས་མ་གསུངས། །

སྟོན་གྱི་སྡོང་ལོ་འཐོར་ཡང་། །

ཁྱེད་རང་སྐྱོ་དགོས་མ་གསུང་། །

སེམས་སུ་བཏབ་པའི་ལས་སྐལ། །

སྟོན་ལོ་ཇི་བཞིན་འཁུར་ན། །

རང་ཚུགས་རྡོ་བརྐོས་རི་མོ། །

བཙན་གྱིས་བསུབ་པ་ཡིན་ནམ། །

ཁྱེད་དང་ཞལ་འཛོམས་བྱུང་བ། །

ཚེ་སྔོན་ལས་ཀྱི་བསྐོས་ཐང་། །

མཐུན་སྡེབ་འགྲིག་པོ་བྱུང་བ། །

འུ་གཉིས་བརྩེ་བས་སྐྱོང་སྟངས། །

འགྲིག་འགྲིག་མཐུན་མཐུན་བྱུང་བ། །

ཡོད་ཚད་ལས་ཀྱིས་གནང་བྱུང་། །

སྣང་བའི་གོས་ཆེན་རི་མོ། །

གཞོན་པའི་དུས་ཀྱི་འཕྱོར་ལྭ། །

གོན་པའི་དུས་སྐལ་བྱུང་ན། །

རྒྱབ་ནས་འཕུད་པའི་རྩིས་མེད། །

དབྱར་དགུན་སྟོན་དཔྱིད་མེད་པར། །

ལུས་ཀྱི་དྲོད་ལ་བྱ་ཆོག །


  • ལེ་ཚན་སྔོན་མ།:སེམས་ཀྱི་ལེའུ།
  • ལེ་ཚན་རྗེས་མ།:རྟོག་པ་མྱོས་པའི་མགུར་ཆུང་།