ཁྱོད་ཟེར་བའི་སྙིང་ཉེ་ཞིག་ཡོད་ན་བསམ།

དོན་ཉི།        2023-07-14

མི་ལོ་ཉེར་གཉིས་རྫོགས་ཤུལ་དུ་ཁེར་རྐྱང་གི་སྡུག་ཡུས་ཤིག་བགྲངས་ཀྱང་ཅི་ཡང་མི་འགྲུབ་པའི་གདེང་ནི་ཡོད་ཀྱང་། སེམས་འདི་རླུང་བཞིན་སྤང་ལྗོངས་དང་བྱེ་ཐང་དུ་རེས་མོས་བཞིན་སྤུར་མོད། སྡུག་བསྔལ་དེ་དག་ཁོག་ཏུ་ཅི་ཙམ་བཅུག་ན་ཚེར་མ་བཞིན་ནད་རྙིང་ཞིག་ཏུ་འགྱུར་ལ་ཉེ། དེ་ཕྱིར་དོག་པའི་བུ་ག་ནས་ཕྱུང་སྟེ་ཡངས་པའི་བར་སྣང་དུ་བཏང་ན་ངའང་ལྷོད་ཡངས་ཤིག་བབས་ཆོག། ངལ་གསོའི་ས་ཚིགས་ཤིག་ཏུ་འབྱོར་ཐུབ།

ཁེར་རྐྱང་གི་ཁྲོད་དུ་རླབས་ཆེ་བའི་སྐྱེས་བུ་མང་པོ་ཞིག་འཚར་ཞིང་ཕུགས་བསམ་མངོན་དུ་གྱུར་མྱོང་བ་ལ་བལྟས་ན། ཁེར་རྐྱང་ནི་བླ་ན་མེད་པའི་རྒྱུ་ལམ་ཉག་གཅིག་ཏུ་བསམ་དགོས་འདུག། འོན་ཏེ། ཁེར་རྐྱང་ལ་ཡང་འགྲེལ་མི་འདྲ་བ་དང་གོ་དོན་མི་འདྲ་བ་མང་པོ་ཞིག་ནི་ཡོད་དོ། །བསམ་བློ་ཁེར་རྐྱང་དང་བརྩེ་དུང་གི་ཁེར་རྐྱང་སོགས་མོད་དོ། །ཡིན་ཡང་རླབས་ཆེ་བའི་སྐྱེས་བུ་མང་པོ་ཞིག་བསམ་བློ་ཁེར་རྐྱང་དུ་གནས་ཤིང་དེ་ཉིད་འཐབ་དང་རྩོད་པ་ལན་མང་བགྱིས་ཏེ། ཁེར་རྐྱང་གི་བསམ་བློ་མཐར་མི་རིགས་ཀྱི་བསམ་བློའི་ངོ་བོར་འཕོ་བའོ། །

ང་ལ་དེ་ལྟ་བུའི་ཕུགས་བསམ་དང་ལྟ་བ་ནི་ཅི་ཡང་མི་ལྡན་ལ། དེ་ལྟ་བུའི་རེ་བའི་མིག་ཟུང་ཆེན་པོ་ཞིག་བགྲད་པའི་མཐུ་ནི་བྲལ་ཡང་། མི་ཡི་གཉུག་གཤིས་སུ་གྲུབ་པའི་བརྩེ་དུང་གི་འཚོ་བ་ལ་སྨོན་དགོས་བྱུང་། རེ་བའི་གཤོག་ཟུང་བརྐྱང་དགོས་ཐུག། བརྩེ་དུང་གི་འཚོ་བ་ལ་ཕུགས་བསམ་ཞེས་པའི་གདགས་སྲོལ་མེད་ཀྱང་། ངས་བསམས་ན་བརྩེ་དུང་ནི་མིའི་རེ་སྙེག་མཐར་ཐུག་དང་ཕུགས་བསམ་གཞན་ཞིག་རེད་འདུག་གོ །

བརྩེ་དུང་ནི་བསྲེགས་བཅད་བརྡར་གསུམ་ལས་གྲུབ་པའི་གསེར་ཞུན་མ་ཞིག་རེད། འོན་ཏང་། གསེར་ཞུན་མ་ཞིག་ཡོད་པའི་ཤུགས་སུ་གཡའ་དང་དྲི་མས་གོས་པའི་རྫུན་མ་ཞིག་ཀྱང་རང་བཞིན་གྱིས་གྲུབ་པས། མི་རྣམས་ཀྱིས་ཡིད་ཆད་དང་རེ་ཞུམ་སུན་སྣང་གི་ཆུ་རྙོག་ཀྱང་མི་འཐུང་ཀ་མེད་དུ་ལྷུང་། མི་རྣམས་ནི་ཅི་ཞིག་གི་ཁེ་བཟང་ཤོར་དོགས་ཀྱིས་འཛེམ་ཟོན་གྱིས་ལག་པ་ཡང་ཡང་བསྡོམས། ཡང་ནི་གང་ཞིག་རྩེད་མོའི་སླད་དུ་ཡང་ཟློས་གར་སྣ་ཁ་བཅོ་བརྒྱད་འཁྲབ། ཡ་མ་བརླ་ལྟ་བུའི་མི་དག་གིས། ནམ་ཞིག་ལ་ཡང་དག་པའི་ངོ་གདོང་བསྟན་ཡོང་། ང་ཚོས་གློ་ཉེ་ན་འདོད་པའི་མི་དག་ལ་བཅའ་བཅོས་འབར་བའི་གཟུགས་ཤིག་བཞེངས། ངོ་མ། ཡ་མ་བརླ།

མི་དག་གིས་བྱིས་བློ་དྭངས་གཙང་ཞིག་ཏུ་ངོས་འཛིན་གནངས་ཏེ། མི་ཚེའི་འགྲུལ་བཞུད་ནང་དུ་ཡང་ཡང་བཟློ་ཞིང་ཕྱི་དྲན་གྱི་རྨི་ལམ་དུ་གྱུར་དོན། བྱིས་པའི་བརྩེ་བ་ལ་ཆ་རྐྱེན་མེད། ཡ་ལན་མི་དགོས། དོགས་ཟོན་དང་རེ་བཞག་གི་རྒྱན་ཆ་མ་བཏབ། རང་སེམས་རྗེན་པར་བསྟན་པས་ཨེ་ཡིན་སྙམ། དངོས་པོ་ཀུན་ཀྱང་རྩེད་རོགས་སུ་བཞེངས། ཡིན་མིན་དང་བཟང་ངན་གྱི་མཐའ་དང་གྱེས་ཏེ། ཚད་བཀག་དང་བྲལ་ཏེ། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། དེ་དག་སྒྱུ་མ་དང་རྨི་ལམ་གྱི་ཚུལ་དུ་རོལ། འོན་ཏེ་ནར་སོན་གྱིན་སོན་གྱིན་རེ་དོགས་ཀྱིས་ཁོག་པ་ཇེ་ཆུང་བཏང་། གཅིག་དེ་ཡིན་ན་གཅིག་དེ་ཡིན་མི་ཆོག་པའི་གཅོང་རོང་དུ་ལྷུང་། དེ་ནི་སྨིན་བཞིན་པའི་གོ་རིམ་ཞིག་དང་། ཡང་ན་རྒུད་ཀྱིན་པའི་གོ་རིམ་ཞིག་ཀྱང་རེད། ཆུང་དུས་ལུས་དེ་ལུང་ཁོག་གཅིག་ལ་གནས་ཀྱང་སེམས་དེ་ནམ་མཁའ་རེད། སྤང་ལྗོངས་རེད། ཆེ་དུས་ལུས་ཀྱིས་རྒྱལ་ཁམས་འགྲིམས་ཀྱང་སེམས་དེ་བུ་ག་རེད། ཆུ་ཐིགས་རེད།

ནར་སོན་གྱིན་སེམས་ཀྱི་བུ་ག་ཇེ་དོག་ཡིན་ཡང་། ད་དུང་བཅའ་དང་བཅོས་མི་དགོས་པ། སེམས་ཀྱི་ཤུགས་གསེང་དུ་ལྷབ་ལྷུབ་འབར་གྱིན་པའི་མེ་ལྕེ་དེ། མངོན་དུ་འགྱུར་བ་དཀའ་ན་ཡང་། རེ་བཞག་དེ་ལྷོད་མེད། ས་བོན་དེ་དྲུང་ནས་མི་འབྱིན་པ་གཉུག་གཤིས་སུ་ཐིམ། འོན་ཏེ། འཚོ་བ་དང་། དངོས་ཡོད། མི་ངོ་། མཚན་སྙན་གྱི་ཆུ་ཕྲན་དེས་མེ་ལྕེ་མཆེད་དབང་མི་སྦྱིན་ན་ཡང་། ད་དུང་འགུལ་གྱིན་འདུག། དེ་ནི་སེམས་ཀྱི་རེ་བཞག་རེད། དངོས་ཡོད་ཀྱི་ངོ་གདོང་དེས་མགོ་བོ་སྨད་དགོས་བྱུང་། གཉའ་བ་ཞུམ་དགོས་བྱུང་།

ཐེངས་དང་པོའི་བརྩེ་དུང་གི་སྤང་ཐང་འགྲིམ་དུས། ཆར་ལྭ་འཛིན་དགོས་པ་མ་ཤེས་ལ། ཉི་གདུགས་བཟུང་དགོས་པ་ཡང་མ་དྲན། ད་དུང་སྐོམ་སེལ་བྱེད་ཀྱི་མངར་ཁུ་དགོས་པ་ཡང་མ་འཆར། འོན་ཏེ། འགྲིམ་བཞིན་འགྲིམ་བཞིན། སྟབས་བདེའི་ཡུལ་སྐོར་དུ་བསམ་བཞིན། སྟབས་བདེའི་དངོས་པོ་མང་པོ་འཚགས་ཏེ་སྟབས་མི་བདེ་བ་ཞིག་ཏུ་བཏང་།

ཡུལ་སྐོར་ཐེངས་གཅིག་གི་ཉམས་མྱོང་དང་འཚོ་བ་དེས། མང་པོ་ཞིག་ལ་འདང་ཕོག་པས། ཡང་བསྐྱར་ཡུལ་སྐོར་དུ་སོང་ན་འགྲུལ་བཞུད་ཀྱི་ཉིན་ཞག་ལས་སྟ་གོན་གྱི་ཨང་རྟགས་མང་བར་གྱུར།

འོན་ཏེ། ད་དུང་། སེམས་ནས་ཉེ་བའི་མི་ཞིག་ཡོད་ན་བསམས། མི་དེས་ང་ལ་ཡིད་ཆེས་དང་རེ་བ་བསྩལ་ཡོང་བསམ། གསོན་ཤུགས་ཀྱི་མི་ལྕེ་སྦར་ཡོང་བསམ། འཚོ་བའི་མེ་ཏོག་འཁྲུང་ཡོང་བསམ།

ང་ལ་སྙིང་ཉེ་བའི་མི་ཞིག་ཡོད་ན་བསམ།

མི་ཚེའི་སྙིང་པོ་བཙལ་ཅིང་བསྙེགས་ཏེ་མངོན་འགྱུར་དགོས་པས། ངས་ནི་སྙིང་ཉེ་བའི་མི་ཞིག་མངོན་སུམ་དུ་སྤྱན་དྲངས་འདོད། ཇི་ལྟར་འདང་རྒྱག་ཀྱང་དེ་ལས་མཛེས་སྡུག་ལྡན་པའི་ཞིག་མི་མངའ་འོ། །


  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་འཁྲེང་པའི་སེམས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།