བྱ་ཁུ་བྱུག་གསུང་སྐད་སྙན་མོ་མ།

གཞི་ཚང་ཟླ་བ་གྲགས་པ།        2023-05-29

སློབ་སྦྱོང་གི་བར་གསེང་ནས་ལུས་ཀྱི་མགོ་མཇུག་བར་གསུམ་ལ་བྱབས་ཁྲུས་རེ་བྱེད་ཐུབ་ཚེ་གདོས་བཅས་ཤ་ཡིས་གྲུབ་པའི་ལྔ་འདུས་གཟུགས་ཕུང་གི་བདེ་ཐང་ལ་ཤིན་ཏུ་སྨན་པ་མངོན་རྟོགས་མྱོང་གྲུབ་ཡིན་ལ། དེ་ལས་ཀྱང་རིག་པར་ངར་ལྡུད་པ་དང་ཚོར་ཤེས་སྐྱེན་པ། ལྷག་ཏུ་བདེ་སྟོང་གསལ་གསུམ་གྱི་སྤྲོ་དགའི་སྣང་བ་དམིགས་བསལ་བ་རེ་སྦྱིན་ཐུབ་པས། གཟའ་མཇུག་ཁོམ་པ་དང་གོ་སྐབས་རག་ཐེངས་རེ་རེར་ཁྲུས་ཁང་དུ་སོང་ནས་ཁྲུས་བྱེད་པ་ནི་ང་རང་གི་གོམས་ལོབས་ལྟ་བུ་ཞིག་གྱུར་ཚར། ཉེ་སྔོན་སློབ་གླིང་གི་ཁྲུས་ཁང་གི་ཆུ་སྦུབས་འཚངས་པས་བདུན་འགར་ལུས་ཁྲུས་སྐྱིད་པོ་ཞིག་རྒྱག་མ་ཐུབ། ད་ནངས་ཡར་ལངས་མ་ཐག་རྒྱུན་ལྡན་ལྟར་སྔ་འགྲོ་བྱས་ཏེ་ཁྲུས་ཁང་ནས་ཁྲུས་ཡིད་ཚིམ་པ་ཞིག་བརྒྱབ།

ཕྱིར་རང་ཤག་ཏུ་ལོག་པའི་སྐབས་སུ་ནམ་ཡོངས་སུ་གསལ་ཟིན་ན་ཡང་ཉི་འོད་སྒེའུ་ཁང་འགྲམ་དུ་ཕོག་མི་འདུག ནམ་མཁར་གཡའ་དག་ཅིང་ས་གཞིར་རྡུལ་བྲལ་བའི་དེ་རིང་གི་ཞོགས་པ་ནི། དུས་རྒྱུན་གྱི་ཉི་མ་རེ་རེའི་ཞོགས་པ་ལས་ཁྱད་དུ་འཕགས་ཤིང་ཡིད་དུ་འོང་བ་ཞིག་སྟེ། གསེར་འོད་ལམ་ལམ་འཕྲོ་བའི་ཁྲི་གདུགས་ཉི་གཞོན་ཤར་རིའི་ཕྲག་གོང་ནས་དལ་བུར་འཛུམ་བཞིན་འདུག་ཅིང་། མཐོ་ཞིང་བརྗིད་པའི་གྱེར་ཆུང་སྐྱེས་རི་ཡང་ནུབ་ཕྱོགས་ནས་ཉི་མ་ལ་ཁ་ཕྱོགས་ཏེ་ཉི་འོད་ཀྱི་དྲོད་ཁོལ་མྱོང་བའི་མཛེས་པ་མཐོང་དུས། ང་ལའང་ཅི་ཞིག་མཇལ་འཛོམས་བྱུང་སོང་བའི་དགའ་དུང་ཞིག་ཚོད་ཚོད་ལ་རྒྱས་ཡོང་ཞིང་བདེ་བའི་དབུགས་དབྱུང་ཞིག་ཀྱང་འབད་མེད་དུ་སྩོལ་བར་བྱེད།

རི་ལུང་གི་ཕྱོགས་བཞི་མཚམས་བརྒྱད་ནས་ཤིན་ཏུ་སྙན་པའི་བྱ་བྱེའུ་ཡི་སྐད་འགྱུར་སྣ་ཚོགས་ཐོས་ཐུབ་པ་ནི། གྱེར་ཟ་གཡུང་དྲུང་ལྷུན་པོ་ཁོ་ན་མ་ཡིན་པར་མདོ་དབུས་མཐོ་སྒང་ནས་འཚར་དང་འཚར་བཞིན་པའི་མི་བུ་དག་གི་སྒྲ་འཛིན་དབང་པོའི་ལོངས་སྤྱོད་དུ་ཆེད་དུ་བཤམས་པའི་དགའ་སྟོན་ཞིག་དང་འདྲ་བར་ལྷད་མེད་པ་དང་མཛའ་གཅུགས། ཡིད་ཆེས་དང་དགའ་དུང་སོགས་ཡིད་ལ་རབ་ཏུ་དམར་བའི་སྒྱུ་རྩལ་གྱི་མཛེས་པས་བྱུར་བུར་གཏམས། ངས་དེ་ལྟར་མཐོང་ཐོས་དྲན་པའི་མོད། ཀུག་ཀུག། ཀུག་ཀུག། ཀུག་ཀུག། ཅེས་རྣ་ལམ་དུ་འཁོར་བ་ནི་མ་ཡུམ་སློབ་གླིང་གི་རྒྱབ་རིའི་གཡུ་ཤུག་ལྗོན་པའི་གསེབ་ནས་ལྷ་བྱ་ཁུ་བྱུག་གྲག་པའི་གསུང་སྐད་རེད། ཆུང་དུས་ཨ་ཕ་དང་ཨ་མས་གསུངས་ན་ཁུ་བྱུག་གི་གསུང་སྐད་རི་ལུང་གི་བྲག་ཆ་ལ་འཁོར་དུས། ཟུངས་ཟད་ཉམ་ཐག་ཏུ་ལུས་པའི་བྱ་གཅན་རི་གཡུང་དག་གིས་ཀྱང་སྤོབས་པ་ཆེ་རུ་བསྐྱེད་དེ་ལམ་འོག་མ་ནས་ལམ་གོང་མ་ལ་གོམ་པ་སྤོས་ཏེ་མདུན་ཕྱོགས་ཀྱི་ལམ་བུ་རྡོག་པས་གནོན་ཐུབ་ཟེར། ཁུ་བྱུག་དང་ཁུ་བྱུག་གི་གསུང་སྐད་ཀྱིས་ངའི་སྡུག་བསྔལ་དང་མི་བདེ་བ་ཐམས་ཅད་སིལ་བུར་གཏོང་མི་འགྲོ་ཡང་། སྙན་ཞིང་འཇེབས་པའི་ཁུ་བྱུག་གི་གསུང་སྐད་ཐོས་ཐེངས་རེ་རེར་ཁུར་པོ་ཅི་ཞིག་ཁུར་མི་དགོས་པ་ལྟར་གྱི་བདེ་སྣང་ཞིག་ཤུགས་ཀྱིས་སྐྱེ་ཡོང་། གོམས་ལོབས་ལྟར་ཁུ་བྱུག་གི་གསུང་སྐད་ཐོག་མར་ཐོས་དུས། བདག་གིས་སྒོ་གསུམ་ཆིག་སྒྲིལ་གྱིས་དཔྱིད་ཀྱི་ཕོ་ཉ་དང་ངག་སྙན། མིག་མཛེས། གཞན་ལ་སེམས་སོགས་བླ་དྭགས་སྣ་ཚོགས་ཀྱིས་མངོན་པར་བསྟོད་པའི་ལྷ་བྱ་ཁུ་བྱུག་དང་ཁུ་བྱུག་གི་གསུང་སྐད་ལ་ཕེབས་བསུ་དང་གུས་འདུད་བྱེད་བཞིན་ཡོད།

བྱམས་ལྡན་ཕ་མས་བསླབས་པ་བཞིན་ཁུ་བྱུག་གི་གསུང་སྐད་རེ་སྒྲོག་པ་དང་མཉམ་དུ་ངས་ལྷ་བྱ། གཡང་བྱ། བྱ་ཁྱོད་ཚེ་རིང་། མི་ངར་ནད་མེད། ད་ལོ་ལས་སང་ལོས་སྔ་བར་ཤོག། ཁ་ཕྱེ་མར་གྱིས་མཆོད། གཞུག་ནས་འབྲུ་ཡིས་མཆོད། ཅེས་ངས་ཀྱང་ཚིག་འབྲུ་གཅིག་རེ་རྗོད་བཞིན་ལྷ་བྱ་ཁུ་བྱུག་ངེད་གཉིས་ཕན་ཚུན་ལན་རྒྱག་རེས་ཀྱི་ཚུལ་བྱས་པ་ན། སྤྲོ་སྣང་གི་ཚོར་བ་དམིགས་བསལ་བ་ཞིག་ཤ་མཆིན་པའི་གཏིང་རིམ་ཞིག་ནས་བརྡོལ་ཡོང་། བྱིས་པ་སྣང་སྐྱིད་ཅན་ཞིག་དང་འདྲ་བར་ངས་ནི་བྱ་ཁྱོད་ཚེ་རིང་སོགས་ཕ་མས་བསླབས་པའི་ལྷད་མེད་དྭངས་གཙང་གི་སྨོན་ཚིག་དག་ཁེར་མ་ཁེར་མ་བྱས་ནས་ལྷ་བྱ་ཁུ་བྱུག་སྔོན་མོ་ལ་ཡང་ཡང་ཟློས་ཀྱང་། ཁུ་བྱུག་གིས་སུན་སྣང་དང་མི་བདེ་བའི་རྣམ་འགྱུར་ཙམ་ཡང་མི་སྟོན་པར་ང་ལ་རེ་རེ་བཞིན་ལན་གནང་བར་བྱེད། ད་ནི་ངས་ལྷ་བྱ་གཡང་བྱ་ཞེས་མ་བོས་ཀྱང་ཁུ་བྱུག་གིས་སྔར་བཞིན་ཀི་ཀོ། ཀི་ཀོ། ཀི་ཀོ་ཞེས་སྙན་ཞིང་འཇེབས་པའི་གསུང་སྐད་སྒྲོག་པ་ནི། ལྷོ་ཕྱོགས་མོན་ཡུལ་ནས་དཀའ་བ་ཁྱད་བསད་ཀྱིས་གནས་འདིར་བྱོན་ཏེ་གཉིད་དུ་ཡུར་བའི་ས་འོག་ས་སྟེང་གི་སྐྱེ་འགྲོ་གྲངས་མེད་གཉིད་ལས་བསླངས་ཏེ་དཔྱིད་ཀྱི་དཔལ་མོ་རྒྱས་པའི་མཛད་པ་འཕྲིན་ལས་ཤིག་ཏུ་མཐོང་བས། ངས་ཁོང་གི་ཐུགས་འདུན་ལ་བར་ཆད་བྱེད་མ་བཟོད་པར་རང་ཤག་ཏུ་འཛུལ་ནས་བཀླག་འཕྲོར་ལུས་པའི་དཔེ་ཆར་ལྟ་འགོ་བརྩམས་པ་ཡིན།

ཁུ་བྱུག་ལགས། ཁྱོད་ཀྱིས་མེད་མུག་དང་ཁུག་སྣས་ཟིན་པའི་རི་ལུང་ལ་འོད་ལམ་ལམ་གྱི་ཉི་འོད་དང་ཆར་ཆུའི་ཐིགས་པ་གནོང་དང་། བདག་གིས་རང་ཤག་ནས་བ་མོའི་རེག་བྱས་ཁེངས་པའི་འགག་འཕྲང་དག་འབད་བརྩོན་གྱིས་བརྒལ་ཏེ་འུ་གཉིས་སྤང་མེ་ཏོག་བཀྲ་བའི་དབྱར་གཞུང་ནས་མཇལ་ཡོང་། སྔོ་ལྗང་ལྗང་གི་ཟླ་ལྔ་བའི་རྩྭ་ཐང་ནས་མཇལ་ཡོང་།


  • ལེ་ཚན་སྔོན་མ།:ལུགས་མཐུན་གྱི་མི་ཚེའི་ལྟ་བ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་རྩྭ་ཐང་དང་དུས་བཞི།