ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    མི་དམངས་ཉིན་རེའི་ཚགས་པར།    2023-05-25

      ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་རྒྱུའི་བཀོད་སྒྲིག་གི་སྤྱི་ཡོངས་ཀྱི་ལས་ཀའི་ཇུས་གཞི་དང་ཉེ་དུས་ཀྱི་བྱེད་ཐབས་ཞིབ་འཇུག་དང་དོན་འཁྱོལ་བྱེད་དགོས།《སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་རྒྱུན་རྣམ་ཅན་གྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་5ཚེས་19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་རྒྱུའི་བཀོད་སྒྲིག་གི་སྤྱི་ཡོངས་ཀྱི་ལས་ཀའི་ཇུས་གཞི་དང་ཉེ་དུས་ཀྱི་བྱེད་ཐབས་ཞིབ་འཇུག་དང་དོན་འཁྱོལ་བྱས་ཏེ《སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་རྒྱུན་རྣམ་ཅན་གྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

        ཚོགས་འདུའི་ཐོག་བསྟན་དོན། ལས་ཕྱོད་ཆེ་ཞིང་ཚད་ལྡན་དང་། དྲང་གཞག་འགྲན་རྩོད། སྒོ་མོ་འབྱེད་གང་ཐུབ་བྱེད་པ་བཅས་ཀྱི་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་བསྐྲུན་ནས། ཚོང་ཟོག་རྒྱུ་རྐྱེན་གྱི་ཐོན་ཁུངས་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་འཁོར་རྒྱུག་ཤར་བགྲོད་ཐུབ་པར་སྐུལ་འདེད་གཏོང་བ་དེས་རང་རྒྱལ་གྱི་དཔལ་འབྱོར་གཏིང་ཟབ་ཅིང་རྒྱ་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་བ། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་བར་བྱེད་པ། གོ་ལ་ཧྲིལ་པོའི་སྔོན་ཐོན་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་བས་ལེགས་པར་བེད་སྤྱོད་གཏོང་བ་བཅས་ལ་ཕན་ཐོགས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བསམ་བློ་སྔར་བས་གཅིག་གྱུར་དང་། འགན་འཁྲི་ནན་དུ་བཏང་སྟེ་རང་རྟོགས་ངང་སྤྱི་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་གཏོང་བ་དང་ལས་ཀ་བྱེད་པ། བསམ་གཞིག་བྱེད་སྟངས་ལ་འགྱུར་ལྡོག་མཐའ་གཅིག་ཏུ་གཏོང་བ། རང་གནས་རིང་ལུགས་སྔོན་འགོག་བཅས་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ས་གནས་སྲུང་སྐྱོང་དང་ཁྲོམ་ར་ཁ་ཐོར་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་ཕན་འབྲས་ཏན་ཏིག་ཐོན་པའི་འགན་ལེན་བྱེད་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་དེ་བས་ཤུགས་བརྒྱབ་ནས་རྒྱུ་ནོར་བདག་དབང་སྲུང་སྐྱོང་དང་། ཁྲོམ་རའི་ཆོག་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཀྱི་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྔར་བས་བཟང་སྒྲིག་བྱས་ནས། ལྕག་སྐུལ་གཅུན་འདོམས་དང་དཔྱད་ཞིབ་གདེང་འཇོག་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ཐོག་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་རྒྱུར་འཚམ་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྨན་བཅོས་འགན་སྲུང་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི“སྨན་རིན”དང“སྲོག་སྐྱོབ་དངུལ”ཞིག་རེད། སྨན་བཅོས་འགན་སྲུང་གི་ཐེབས་རྩའི་ལྟ་འདོམས་བྱེད་སྟངས་བཟང་སྒྲིག་བྱས་ནས། རྒྱུན་རྣམ་ཅན་གྱི་ལྟ་འདོམས་ཏན་ཏིག་བྱེད་པ་དང་། ཆ་འཕྲིན་རིག་ནུས་ལྟ་སྐུལ་ཚོད་འཛིན་དང་སྤྱི་ཚོགས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་དྲ་བ་སྔར་བས་དམ་དུ་གཏོང་དགོས། སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་དང་ལྟ་འདོམས་སྒྱུར་བཅོས་གཏིང་ཟབ་བྱས་ནས། ལག་ལེན་ཁྲོད་སྤྱོད་གོ་ཆོད་ཅིང་ནུས་པ་ལྡན་པའི་ཉམས་མྱོང་དང་བྱེད་སྟངས་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་སྟེ་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་གྱི་ལྟ་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་སྒྲིག་གཞིས་སྨན་བཅོས་འགན་བཅོལ་ཐེབས་རྩ་ཚད་ལྡན་ངང་སྤྱོད་པའི་ནང་སྐྱེས་སྒུལ་ཤུགས་དེ་བས་འཕེལ་བར་བྱེད་དགོས།

        ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་བདེ་སོས་ལོ་བརྒྱའི་མཛད་སྒོར་ཤིས་འཕྲིན་སྤྲིངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།