འཛུམ་དཀར་ངང་པའི་བུ་མོར་བདག་ཕྱག་འཚལ།

སྨྱུག་རྫི།        2023-05-25

དག་གཙང་དྲི་མེད་འོད་ཀྱིས་རབ་སྦགས་ཤིང་། །

དྭངས་གསལ་རྟ་བདུན་དབང་པོའི་མདངས་འཛིན་མ། །

ཚེམས་དཀར་ཆོས་ཀྱི་ཕྲེང་བ་རབ་གཡོ་བའི། །

སྨིན་ལེགས་ལྷ་ཡི་བུ་མོས་དགེ་ལེགས་སྩོལ། །

བཟང་གོམས་རྡུལ་གྱིས་མ་གོས་བཞིན་རས་ངོས། །

བཟང་ངན་ལེགས་པར་འབྱེད་པའི་སྤྱན་ཡངས་ཤིང་། །

ཡིད་འཕྲོག་དབྱངས་ཅན་ལྷ་མོ་མཆོག་གྱུར་མས། །

སྐལ་ལྡན་སྙན་ངག་སྨྲ་བའི་མགྲིན་པ་སྐྱོངས། །

གཟུགས་སྐུ་ཡིད་འོང་པད་དཀར་རབ་རྒྱས་རྩེར། །

མཛེས་བྱད་རོ་འཛིན་འདབ་མ་འཇམ་མཉེན་ཅན། །

སྒེག་ཉམས་ས་གསུམ་ཀུན་ཏུ་ཁྱབ་མཛད་པའི། །

དབྱངས་ཅན་སྐུ་ཡི་རང་བཞིན་བརྟན་ཅིཞིང་བརྗིད། །

མཛེས་པའི་ཡོན་ཏན་དཔག་མེད་མངའ་བའི་གཏེར། །

སྙན་འཇེབས་རྒྱུད་མངས་ཕྱག་ནས་དཀྲོལ་མཁས་ཤིང་། །

གྲགས་པའི་བ་དན་དགུང་དུ་འཕྱོ་མཛད་པའི། །

རྨད་བྱུང་ཚངས་སྲས་མ་དེས་རམ་འདེགས་མཛོད། །

འཛུམ་པའི་ཞལ་རས་འགྲན་མེད་དབྱངས་ཅན་ལྷའི། །

བཞིན་རས་རབ་བཟང་འདོད་དགུའི་མཆོག་སྩོལ་ཞིང་། །

མེ་ཏོག་ཀུ་མུད་གཉེན་གྱི་གདན་སྟེང་ནས། །

བདག་ལ་ཤིས་པའི་དགེ་ལེགས་ཕོབ་ཅིག་ཀྱེ། །

དྭངས་གསལ་ཡིད་ཀྱི་སྤྲིན་དཀར་མེ་ལོང་ངོས། །

དྲི་བྲལ་མཁྱེན་པའི་བློ་གྲོས་གཏིང་ཟབ་ཅིང་། །

སྟོབས་རྩལ་ལུས་ཕྲ་འཁྱུག་པའི་རྩེད་འཇོ་ཅན། །

ལྷ་ལྕམ་མཚོ་བྱུང་ལྷ་མོ་གཙུག་ན་རྒྱལ། །

ལུས་མཆོག་དྲི་བསུང་འཐུལ་བའི་སྐེད་མེད་མ། །

འཇམ་མཉེན་དྲི་མེད་ཤེལ་གྱི་མྱོས་བུམ་ཅན། །

ལང་ཚོའི་མེ་ཏོག་འབར་བའི་དབྱངས་ཅན་ལྷས། །

བདག་གི་ངག་ལ་རང་དབང་ད་སྩོལ་མཛོད། །



  • ལེ་ཚན་སྔོན་མ།:ངག་དབང་དབྱངས་ཅན་ལྷ་མོ།
  • ལེ་ཚན་རྗེས་མ།:དྲན་སྙིང་སྒུལ་བའི་ཉི་མ་ལྷ་ས།