མཛེས་སྡུག་བྱོ་བ།

ཐོར་བུ།        2023-05-22

ཕྱི་དྲོ་འདི་ལ་སྙན་ངག་ནི།།

སྡུ་གུར་འཛུམ་པའི་བུ་མོ་བཞིན།།

ལྡེམ་ལྡེམ་གར་བཅས་ཉི་འོད་དག།

ང་ལ་ཕོག་པར་འགོག་བཞིན་དུ།།

གྲིབ་ནག་རིང་པོ་དེ་དྲུད་དེ།།

ང་ཡི་ཟུར་དུ་ཐོན་འདི་ཅི།།

མཚམས་མེད་ཟུར་མིག་རྣོན་པོ་ཡིས།།

བདག་སྙིང་ཚལ་བར་བྱེད་པ་མས།།

གླུ་གཞས་ཀུན་ལས་རབ་འཕགས་པའི།།

ཐོས་འཛིན་བཟི་བྱེད་མགུར་ཡང་ལེན།།

དག་སྣང་འཇའ་ཟེར་འཁྲིགས་པ་ལས།།

ཏིང་ངེ་འཛིན་གྱི་སྒོ་ཕྱེས་ཏེ།།

བདག་ཉིད་པང་དུ་བླངས་བྱས་ཏེ།།

རབ་ཏུ་ཟབ་པའི་ཆོས་ཉིད་ནི།།

ནུ་ཟུང་རྩེ་མོས་བདག་གི་ཁར།།

ལྷག་ལུས་མེད་པར་ཡོངས་སུ་བླུད།།

དེ་དུས་སྣང་སྲིད་ཆོས་སོ་ཅོག།

ལྷག་ལུས་མེད་པར་ཡལ་བར་གྱུར།།

ནགས་སུ་ཉི་འོད་ཀྱ་ཀྱུ་འཕྲོ།།

དེ་ངོགས་སྒོམ་ཐག་རྙིང་པ་ཡི།།

རྣལ་འབྱོར་དེ་འང་གང་ཞིག་ནས།།

རྫུ་འཕྲུལ་རླུང་ལ་ཞོན་པ་འམ།།

ཡང་ན་སྐར་མདའ་ཆད་པ་བཞིན།།

མགུར་གྱི་གླེགས་བམ་ཁྱེར་ཏེ་ཐོན།།

དེ་ལས་མགུར་འགའ་བདག་མགྲིན་གྱི།།

བུམ་པའི་ནང་དུ་བླགས་ན་ཡང་།།

འགའ་ཞིག་ད་དུང་མགྲིན་པ་རུ།།

མི་ལྡུག་མི་ལྡུག་ཅེས་ཀྱང་ཟེར།།

སྒེག་མཛེས་འདབ་མ་ཀུན་གྲོལ་བའི།།

མཛེས་སྡུག་གསར་པ་དབྱངས་ཅན་ལྷ།།

ཅུང་ཙམ་ངོ་ཚ་དང་བཅས་ཏེ།།

བདག་སྔུན་མེ་ཏོག་ལྡུམ་རར་ཐོན།།

ག་ལེར་གོམ་པའི་སྟངས་སྟབས་བཅས།།

གླེགས་དཀར་སྙན་དེབ་ནང་དུ་སིམས།།

དེ་ནི་སྤྲིན་ལ་སྤྲིན་ཐིབས་པའི།།

དཔེ་ལས་ཅི་སྟེ་གང་ཡང་དབེན།།

ངས་ནི་རྐང་པ་མེ་ཏོག་གི།

ཚལ་དུ་བཞག་སྟེ་སྣ་ཚོགས་ཀྱི།།

སྒྱུ་མའི་གར་དག་ལ་བལྟས་ཏེ།།

དུས་ཚོད་དག་ནི་འཛད་པར་བྱས།།

ལྷིང་འཇགས་ངང་དུ་ཆུ་བོ་དག།

བཞུར་ཚུལ་ཉིད་ལ་འང་བསམ་གཞིག་གི།

བྱིས་པའི་རྩེད་མོ་དང་འདྲ་བའི།།

བློ་འདི་ཡང་ཡང་ངང་གིས་ཐོན།།

དེ་ཉིད་འགོག་པར་མ་བྱས་པར།།

རྣམ་རྟོག་གང་ལ་མི་ཞེན་པར།།

སྙན་ངག་ཏིང་འཛིན་ལ་ཞུགས་ཏེ།།

ཐམས་ཅད་སྣང་ལ་མ་ངེས་པའི།།

ལྡེབས་རིས་ཉིད་དུ་འབྲི་བར་བྱས།།

  • ལེ་ཚན་སྔོན་མ།:སེམས་བྱུང་གི་ངག་འགྲོས།
  • ལེ་ཚན་རྗེས་མ།:སྐྱེ་བ་གཅིག་གི་འུ་གཉིས།