ཨ་མ།

        2023-05-17

ལས་མཐུན་ནང་གི་རྨི་ལམ་དེ་ཡིས་ཁྱེད་རང་རྨིས་པའི་སྟ་གོན་བྱ།།

ཚོར་བྱུང་རླབས་ལ་ཡང་སྙིང་ཆགས་པའི་བརྩེ་བ་དེ་ཡིས་སུ་ལ་རེག།

ང་ཡི་ཨ་མ་སྙིང་ལ་སྡུག་ཅིང་ཞལ་རས་འཛུམ་པ་ང་ལ་འཆང་།།

བརྩེ་ལྡན་ཁྱེད་རང་སྔོན་ལས་ཞིག་གིས་འཕྲད་པ་འདི་ནི་སྐལ་བ་ཡག།

ཞི་འཇམ་ངག་གིས་སྙན་མོ་འབོད་པ་མ་བཅོས་ངང་ཚུལ་འདི་འདྲ་བ།།

རྣམ་དག་སེམས་ལ་བརྩེ་བའི་རང་གཟུགས་མངོན་དུ་གྱུར་པ་འདི་ལྟ་བུ།།

རྫུན་གྱིས་ལྷད་པའི་ཚིག་དང་སྨྲ་བ་རྒྱང་རིང་དོར་བའི་ཨ་མ་ལགས།།

སྙིང་གི་པད་མོའི་དབུས་སུ་འཚོས་ནས་བརྩེ་བའི་ཆར་ཆུ་སླར་ཡང་གཏོར།།

ཚུལ་འཆོས་བྲལ་བ་བུ་ལ་བསམས་ནས་སྲིད་པའི་ཁྲོད་ཀྱི་ལྷ་མོ་ཞིག །

ཨ་མ་ཞེས་པ་སྙན་པའི་མིང་འདི་ཡིད་དུ་འོང་བས་དམ་དུ་འཁྱུད།།

རྟོག་བཏགས་ཟད་ཅིང་གཡོ་སྒྱུ་བྲལ་བ་ཚེ་འདིའི་ཨ་མ་དྲིན་ཆེན་མོ།།

འཛུམ་ཞལ་འཕྲོ་བའི་ཉིན་མཚན་རྟག་ཏུ་ཞི་བའི་ལྷ་ནི་ཁྱེད་ལས་མེད།།

བྱམས་པའི་ཐུགས་ལ་ཉེ་རིང་བྲལ་བ་ངེད་ཅག་ཀུན་ལ་རྟག་ཏུ་གཡོ།།

བརྩེ་བའི་མིག་ཟུང་ཕྱོགས་ལྷུང་མེད་པ་དྲིན་ཆེན་ཨ་མའི་ཁྱད་ཆོས་ཤིག།

ཚིག་ལ་རྩུབ་རེག་ཀུན་ཏུ་ཟད་པ་ལེགས་བཤད་ཉི་ཟླའི་འོད་གསལ་བ།།

ཚེ་འདིར་དབང་བ་ཨ་མའི་དྲིན་ལན་འཇལ་བ་མོས་ཀྱང་སོད་པར་དཀའ།།

དྲན་པའི་མེ་ལོང་ཕྱི་ནང་གཉིས་སུ་སྡིག་དང་གྲིབ་མ་དག་པ་ནས།།

ཡིད་དུ་འོང་བའི་ཐ་སྙད་གཅིག་སྟེ་ཨ་མ་ཞེས་པའི་ཡིག་འབྲུ་འདི།།

ཞེན་ཆགས་རྡོལ་བའི་དུས་དང་བསྟུན་ན་ང་ཡི་ལྷ་མོ་ཁྱེད་རང་སྟེ།།

ཕྱི་མའི་ཡུལ་ནས་ཐུག་འཕྲད་ཡོད་པའི་སྨོན་ལམ་དེ་ནི་ད་ནས་འདེབས།།

རྩོམ་པ་པོ། ཁམས་འོད་གསལ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:མ་ཡུམ་ནི་རླབས་ཆེ་བའི་ལྷ་མོ་ཞིག་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།