ང་ནི་ཁེར་རྐྱང་ཞིག་ཏུ་གྱུར།

ཁམས་པ་རབ་དབྱངས།        2023-05-10

ཁྱེད་དང་འུ་གཉིས་རྒྱང་ཐག་རིང་བའི་འགྲུལ་བཞུད་ཅིག་གིས་བཅད་དེ།

མིག་རྒྱང་དང་རེ་བ་ཁ་ཐག་རིང་བའི་ལམ་ཞིག་ཏུ་ཆས།

དེ་དུས།

ཁ་བ་ལྟ་བུའི་དཀར་སངས་ཀྱི་སེམས་པ་དང་

རྫ་ཆུ་བཞིན་བཞུར་བའི་སྙིང་གཏམ་གྱི་ཡིག་འབྲུ་ཚིག་ཅིག་མེད།

མི་ཚོགས་ཀྱི་སྣང་བ་རྒོད་སའི་ཁོར་ཡུག་ཅིག་ནས་

ངང་སྒུག་གི་དྲན་པ་དག་རྒྱང་ཐག་རིང་བའི་དུས་ཚིགས་སུ་

ཕྱི་དྲན་གྱི་མིག་ཆུ་དེའི་ངོ་གདོང་འཁྲུད་བཞིན།

སེམས་ཐག་གི་བརྩེ་འདང་ཟབ་མོ་དེ་འཇིག་རྟེན་གཞན་ཞིག་ལ་ཐོར་སོང་།

ཉིན་དེ་ནས་བཟུང་། ལོ་ཟླ་དེ་ནས་བཟུང་།

ཞེ་ཆགས་ཀྱི་བརྩེ་འདང་རི་རབ་བཞིན་ཡལ་སོང་།

ཉིན་དེ་དག་ནས་ཕྱིར་དྲན་གྱི་ལོ་ཟླ་ལ་

རྫོགས་ཚིག་བྲིས།

མི་སེམས་ཀྱི་སྐུད་པ་ལ་ཕྲ་སྦོམ་ཤོར།

ཞེ་འདང་གི་སེམས་ཁ་ལ་འདུ་འགོད་བྲིས།

དེ་ལྟར་དྲན་བཞིན། འབྲི་བཞིན།

རྒྱུས་མེད་ཀྱི་ས་མཐའ་ཞིག་ལ་འགྲུལ་བཞུད་བྱས་ནས་

ཧམ་སེམས་ཀྱི་འདུན་པ་དྲག་ཏུ་བསྲིངས་ཏེ།

ངས་དྲན་པ་མཐའ་དག་རྒྱབ་ཏུ་འཕངས་ནས་

རང་ཉིད་ཀྱི་དྲན་གདུང་དང་སྐྱོ་གཞས་དག།

ང་ཁོ་ནར་དབང་བའི་གནས་ཡུལ་ཞིག་ཏུ་ཆས་སོང་།

སེམས་ཐག་དང་ཁ་ཐག་དེ་བརྒལ་རྗེས།

གངས་རི་དང་རྩྭ་ཐང་གི་འདབས་རོལ་དེ་ནས།

ངའི་ལུས་ངག་གི་གྱེས་གདུང་དེ་དག་གངས་རི་དང་རྩྭ་ཐང་ལ་བཅོལ།

དེ་དུས་ང་ནི་ཁེར་རྐྱང་ཞིག་ཏུ་གྱུར།

འཇིག་རྟེན་པའི་ཁེར་རྐྱང་ཞིག་ཏུ་གྱུར།



  • ལེ་ཚན་སྔོན་མ།:སྐྱོ་བའི་ཤུགས་རིང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།