སྐྱོ་བའི་ཤུགས་རིང་།

གཞི་ཚང་ཟླ་བ་གྲགས་པ།        2023-05-10

རིག་བྱེད་ཚངས་དབྱངས་ཟབ་མོ་རྒྱུད་མངས་ལ་སྐུལ་བའི།།

སྟོན་མཚན་ཟླ་གཞོན་འཛུམ་ཞལ་མཚོ་བྱུང་གི་ལྷ་མོ།།

བདག་མགྲིན་པད་མོའི་གདན་ལ་མྱུར་མགྱོགས་ཀྱིས་བྱོན་ནས།།

སྙན་ངག་སྦྲང་ཆར་བསིལ་མའི་དངོས་གྲུབ་ཅིག་བསྩལ་རོགས།།

མི་ཡུལ་འཇིག་རྟེན་འགྲིམ་པའི་གོ་རིམ་གྱི་ཟིན་ཐོ།།

ཤུགས་རིང་ནར་ནར་ཞིག་གིས་དབུ་ཁྱུད་རང་བྱེད་བཞིན།།

དོན་ལྔ་སྣོད་དྲུག་འཚིག་པའི་ལྟེམ་ཟུག་གི་ཀི་རིང་།།

སྡུག་བསྔལ་གྲམ་འཕྲང་ནག་པོའི་སྲང་ལམ་ནས་བཏབ་ཡོད།།

རྟེན་བཟང་དལ་འབྱོར་མི་ལུས་གཞན་ཡུལ་ལ་འགྲིམས་ཀྱང་།།

སྙིང་པོའི་དོན་བཟང་མ་རྙེད་བག་མེད་ཀྱིས་ཟད་དེ།།

སེམས་གཅོང་ཤུགས་རིང་དཔུང་གི་ནག་ཟུག་གི་དྲག་རྒོལ།།

བྱང་ཁོག་སྟོད་དུ་མ་ཁོགས་ཤོག་སྟེང་ལ་དྲངས་ཡོད།།

ནམ་མཁའི་སྤྲིན་དུམ་གསེང་གི་ཟླ་གཞོན་ལ་ཅེར་བཞིན།།

འདས་སོང་ལོ་ཟླ་ཀུན་ལ་ཕྱིར་འདང་རེ་རྒྱག་དུས།།

དྲུག་གསུམ་བཅོ་བརྒྱད་ལོ་རིམ་དོན་མེད་ཀྱིས་རྫོགས་པས།།

འགྱོད་གདུང་མེ་ལྕེ་དམར་པོས་དོན་སྣོད་དག་བསྲེགས་བྱུང་།།

མཚན་ལྡན་དཔོན་གསས་མདུན་དུ་པུས་ཚུགས་ཀྱིས་བསྡད་ཀྱང་།།

འདི་སྣང་ཞེན་ཆགས་ལྡོག་པའི་ངེས་འབྱུང་ཞིག་མ་སྐྱེས།།

འདུ་འཛིའི་གར་ལ་གཡེང་པའི་གྲྭ་རྐྱང་གི་འཚོ་བར།།

མག་མོག་ན་བུན་སྐྱ་བོའི་གཞིས་སྒར་ཞིག་ཆགས་བྱུང་།།

ལྔ་ཟུང་རིག་པའི་ལྡུམ་རར་མོས་འདུན་ཞིག་སྐྱེས་ནས།།

མཚར་སྡུག་ཡིད་དུ་འོང་བའི་མེ་ཏོག་དག་བཙུགས་ཀྱང་།།

མནོ་བསམ་མི་བརྟན་གནམ་གཤིས་འགྱུར་ལྡོག་ལས་མེད་པས།།

རེ་འདུན་ཡིད་དགའ་མེ་ཏོག་གྲང་རེག་གིས་བཅོམ་ཐལ།།

དལ་འབྱོར་རྙེད་དཀའ་ལ་སོགས་བློ་ལྡོག་གི་བོན་བཞིར།།

ཉིན་ཞག་ཟླ་ཞག་མ་ཡིན་ལོ་ལོ་ལ་བསླབས་ཀྱང་།།

མཁོ་དགོས་སྐྱོ་ཤེས་ངེས་འབྱུང་མོ་གཤམ་གྱི་བུ་མོ།།

མི་མཁོ་ཉོན་མོངས་བརྒྱད་ཁྲིས་མི་ཚེ་ལ་འཇུས་བྱུང་།།

ཞོགས་པའི་དུས་ཚོད་ལྔ་པར་གཉིད་པ་ལས་བསླངས་ཏེ།།

རྗེས་བཞག་གསུང་རབ་རྩ་བ་བློ་འཛིན་ལ་ཕྱོགས་ཀྱང་།།

མལ་ས་གྲུ་བཞི་སྔར་ལས་སྐྱིད་ཉམས་ཤིག་ཤར་ནས།།

ཡུད་ཙམ་མི་འགོར་སྒྱིད་ལུས་བུ་ཆུང་ང་གཉིད་འགྲོ།།

འུར་ཟིང་འཆད་རར་འགྲིམས་ནས་ཐལ་ངག་ལ་རོལ་ཡང་།།

དོན་དམ་བསྒྲུབ་བྱ་མ་རྟོགས་དོན་མེད་དུ་ལུས་པ།།

ཐོས་བསམ་སྒོམ་ལ་འབད་ཀྱང་འབྲས་རྟགས་དེ་ཆུང་བས།།

ཡིད་སྐྱོའི་ཐོད་གཉེར་མི་ལྟེབ་རང་དབང་ཞིག་མི་འདུག།

ཐེ་ཚོམ་དྲྭ་རྒྱ་གཅོད་མཛད་སློབ་དཔོན་གྱི་སློབ་ཁྲིད།།

དམ་པའི་རྟགས་གསལ་རྩོད་གཞིའི་རིགས་ལམ་ལ་དྲངས་ཀྱང་།།

དོན་མཐུན་ལན་གསུམ་མི་ཐེབས་མགོ་བོ་རང་བསྒུར་ནས།།

མི་ཤེས་ངང་ཚུལ་སྐྱོང་པའི་འདུག་སྟངས་འདིར་སྐྱོ་བྱུང་།།

ཐོས་ཤེས་འདྲེན་བྱེད་གཟུགས་སྒྲ་བདུད་མོ་ལ་གཡེང་ནས།།

ཁྲིད་རྒྱུན་ཚངས་དབྱངས་མ་ཐོས་ཁ་སྦུབས་སུ་གྱུར་སོང་།།

བསམ་སྒོམ་སེམས་ཀྱང་ཞབས་རྡོལ་དུག་ཅན་དུ་སོང་ནས།།

ཤེས་རབ་རིན་ཆེན་རྣམ་གསུམ་ཐོབ་དུས་ཤིག་མ་བྱུང་།།

ཕྱི་བཤོལ་ཕྱིང་དཀར་སྒེག་མོས་མིག་འཛུམ་ཞིག་དྲངས་པས།།

བརྩོན་འགྲུས་གཞོན་སྐྱེས་བུ་ལོའི་ཡིད་སེམས་ཀུན་འཕྲོགས་སོང་།།

ཚོགས་དྲུག་འདོད་ཡོན་འཁྲིས་པའི་ཁས་དམན་ངའི་དད་མོས།།

ལེ་ལོ་ལྷ་མོས་བཅོམ་པ་ཐེངས་གཅིག་རང་མ་ཡིན།།

དོན་མེད་སྤྱོད་ལམ་རྣམ་བཞིར་སུན་སྣང་ནི་འཁོར་བས།།

ལམ་ལྔའི་གཡུང་དྲུང་ཁྲི་ལ་ཡིད་སྨོན་རེ་ཤོར་སོང་།།

བླ་འཕགས་རིན་ཆེན་ལམ་ལྔའི་གསེར་ཁྲི་ཡི་བརྗིད་ཉམས།།

དོགས་བཅས་མུན་པའི་གླིང་ནས་མཇལ་ཐབས་ཤིག་མི་འདུག།



  • ལེ་ཚན་སྔོན་མ།:ཕ་མའི་དྲིན་ལན།
  • ལེ་ཚན་རྗེས་མ།:ང་ནི་ཁེར་རྐྱང་ཞིག་ཏུ་གྱུར།