“ལྔ་གཅིག”གུང་གསེང་རིང་དཀར་མཛེས་རྫོང་གི་གནའ་རྫས་ཁྲོམ་རར་ཡུལ་སྐོར་བའི་འཚང་ཁ་ཧ་ཅང་ཆེ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-05-10

“ལྔ་གཅིག”གུང་གསེང་རིང་དཀར་མཛེས་རྫོང་གི་གནའ་རྫས་ཁྲོམ་རར་ཡུལ་སྐོར་བའི་འཚང་ཁ་ཧ་ཅང་ཆེ།
ཡུལ་སྐོར་བས་གནའ་རྫས་འདེམས་བཞིན་པའི་ཚུལ།

“ལྔ་གཅིག”གུང་གསེང་རིང་། དཀར་མཛེས་རྫོང་གི་ལྗོངས་གནས་བཅོ་ལྔའི་མཚོན་བྱེད་ཟླ་བ15འཚོལ་བ་ཞེས་པའི་ངོ་མཚར་ཆེ་བའི་བྱེད་སྒོ་རིམ་བཞིན་སྤེལ་བར་བརྒྱུད། རིག་རྫས་རྩ་ཆེན་མང་པོ་འདུས་པའི་གནའ་རྫས་བརྗེ་རེས་ཁྲོམ་ར་ནི་དཀར་མཛེས་ནོར་བུ་གླིང་ཐང་ཆེན་གྱི་ལྟད་མོ་ཆེ་ཤོས་སུ་གྱུར། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་གནའ་རྫས་ཚོང་པ་དང་རིག་རྫས་བསྡུ་གཉེར་མཁན་ཚོ་གནས་དེར་འཛོམས་ནས་དངོས་རྫས་ཉོ་ཚོང་དང་བརྟག་ཞིབ་ཀྱི་རྩལ་ནུས་ཞིབ་བསྡུར་བྱས། ཡུལ་སྐོར་བ་དང་མང་ཚོགས། རིག་རྫས་བསྡུ་གཉེར་དགའ་ཞེན་མཁན་མི་ཉུང་བ་ཡང་ལྟ་བས་མི་ངོམ་པའི་ཚོང་རྫས་ཡིས་ཡིད་དབང་རབ་ཏུ་བཀུག་ནས་དངོས་རྫས་ཉོ་བར་བྲེལ།

བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་རྐྱེན་ལོ་གཉིས་དང་ཕྱེད་ཀ་སོང་བའི་རྗེས་ནས་གནའ་རྫས་ཉོ་ཚོང་དངོས་མང་སྟོན་ཚོགས་ཀྱི་བྱེད་སྒོ་སླར་ཡང་སྤེལ་བ་དང་འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པ་མི་ཉུང་བ་ཞིག་གིས་ཀྱང་རེ་སྒུག་ཆེན་པོ་བྱས། བྱེད་སྒོ་དེས་མ་གཞི་འཆར་འགོད་བྱས་པའི་ཚོང་ལྟེགས་གྲངས་ཀས་འགྲེམས་ཚོགས་ནང་ཞུགས་པའི་ཚོང་པའི་དགོས་མཁོ་སྐོང་མ་ཐུབ་པས་ཁྲོམ་རའི་ཚོང་སྟེགས160ནས400ལྷག་ཙམ་བར་མང་དུ་བཏང་བར་མ་ཟད། ཡུལ་དངོས་སུ་སྨན་བཅོས་དང་སྤྱི་བདེ། དང་བླངས་པ་སོགས་ལས་དོན་མི་སྣ་བརྒྱ་ལྷག་མངགས་ནས་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་ཏེ་བྱེད་སྒོ་བདེ་བླག་ངང་སྤེལ་བར་འགན་ལེན་བྱས་ཡོད།

ཟངས་ཀྱི་སླ་ང་ལ་འདིར་རིན་གོང་ག་ཚོད་དགོས། བོད་གྲི་འདིའི་སྟེང་གི་མུ་ཏིག་དེ་ངོ་མ་ཡིན་ནམ། ཞེས་པ་སོགས་ཉིན་གང་བོར་ནོར་བུ་གླིང་ཐང་ཆེན་དུ་མི་ཚོགས་གང་ནས་འདྲི་རྩད་བྱེད་པ་དང་རིན་གོང་འདྲི་བ། གོང་གཏམ་པ་སོགས་ཀྱི་སྐད་སྒྲས་ཁྲོམ་རའི་ཕྱོགས་ཀུན་ཏུ་ཁྱབ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་གི་ཚོང་པ་སྐལ་བཟང་ལགས་ཀྱི་གནའ་རྫས་ཉོ་ཚོང་དངོས་མང་སྟོན་ཚོགས་ཀྱི་བྱེད་སྒོ་འགྲེམས་སྟོན་ཉིན་གཉིས་ཀྱི་རིང་ལ་ཉོ་ཚོང་གི་དངུལ་འབོར་སྒོར་ཁྲི26ལ་ཟིན་ཡོད་པ་རེད། ཁོས་ངོ་སྤྲོད་བྱས་པར་གཞིགས་ན། གདན་ཞུས་ལྟར་བྱེད་སྒོར་ཞུགས་པ་ནས་ཡུལ་དངོས་ནས་འགྲེམས་སྟོན་བྱེད་པའི་བར་ས་གནས་དེ་གའི་ལས་དོན་མི་སྣས་འབྲེལ་གཏུག་སྦྲེལ་མཐུད་བྱས་པ་དང་རིན་མེད་ངང་འགྲེམས་གནས་མཁོ་འདོན་བྱས་པར་མ་ཟད། ད་དུང་སྤྱི་བདེ་ལས་བྱེད་པས་ཡུལ་དངོས་ནས་བདེ་འཇགས་དང་སྒྲིག་ལམ་བསྲུངས་པ་དང་ས་གནས་དེ་གའི་སྲིད་གཞུང་གིས་ཉིན་ལྟར་གུང་ཟས་དང་ནུབ་ཇ། འཐུང་ཆུ་བཅས་བསྐྱལ་ནས་ཐེངས་འདིའི་གནའ་རྫས་དངོས་མང་སྟོན་ཚོགས་ཀྱི་བྱེད་སྒོར་ཞུགས་པ་དེ་བློ་བདེ་བག་ཕེབས་བྱུང་ཡོད།

ཧྲན་ཏུང་ནས་རླངས་འཁོར་བསྐོར་ཏེ་དཀར་མཛེས་རྫོང་དུ་ཡུལ་སྐོར་ཡོང་མཁན་གྱི་མཁྱེན་ལྡན་མ་དབྱང་ལགས་ཀྱིས་ཁྲོམ་རའི་ནང་ནས་སེམས་ལ་བབས་པའི་མགུལ་རྒྱན་ཞིག་ལ་གོང་གཏམ་རྗེས་ཉོས་པ་རེད། མོས་ཁྲོམ་ར་འདིར་དོན་སྙིང་ཆེན་པོ་འདུག། འདིས་མི་རྣམས་ཀྱི་མཐོང་རྒྱ་ཆེ་རུ་བཏང་བར་མ་ཟད་སྔོན་ཆད་རིག་མྱོང་མེད་པའི་དངོས་པོ་མང་པོ་ཞིག་ཤེས་ཐུབ་སོང་། མ་གཞི་གནའ་རྫས་ལ་དེ་འདྲའི་ཆ་རྒྱུས་མེད་མོད། འོན་ཀྱང་ཅ་ལག་ཆུང་ཆུང་འགའ་ཉོས་ནས་དྲན་རྟེན་གྱི་ཚུལ་དུ་ཕྱིར་ཕ་ཡུལ་ལ་ཁྱེར་རྩིས་ཡོད་ཅེས་བཤད། འདི་ནི་མོ་དང་གྲོགས་པོ་ཚོ་ཁྲོམ་ར་འདིར་ཕྱི་དྲོའི་རིང་ཉུལ་བའི་མྱོང་ཚོར་ཆེས་ཟབ་ཤོས་དེ་རེད།

དཀར་མཛེས་རྫོང་ནི་རང་ཁུལ་བྱང་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་ཤིག་ཡིན་རྐྱེན་སྔར་ནས་བཟུང་ཚོང་པ་མང་ཞིང་ཚོང་ལས་དར་བར་མ་ཟད་ཁམས་བྱང་ཚོང་དོན་ལྟེ་གནས་ཞེས་པའི་མཚན་སྙན་ཡང་ཡོད། ཉེ་བའི་ལོ་ཤས་རིང་དམངས་ཁྲོད་ཀྱི་གནའ་རྫས་ཉར་ཚགས་རིག་གནས་རིམ་བཞིན་འཁྲུག་ཏུ་ཕྱིན་པ་དང་བསྟུན་ནས་དཀར་མཛེས་རྫོང་གིས“ཚོང་དོན་ལྟེ་གནས”ཀྱི་ས་བབ་ལེགས་ཆ་བཏོན་ནས་དམངས་ཁྲོད་ཀྱི་གནའ་རྫས་ཉོ་ཚོང་བྱེད་སྒོ་ཐེངས་མང་སྤེལ་ཏེ་ས་གནས་དེ་གའི་གནས་རྫས་བསྡུ་གཉེར་པ་དང་དེ་བཞིན་གནའ་རྫས་དགའ་ཞེན་མཁན་ཚོར་སྤེལ་རེས་དང་འགྲེམས་སྟོན་གྱི་སྟེགས་བུ་བཙུགས། དེ་དང་ཆབས་ཅིག་ས་གནས་དེ་གའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ། ཡུལ་སྲོལ་གོམས་གཤིས་སོགས་ངོ་སྤྲོད་དང་དྲིལ་བསྒྲགས་བྱེད་སའི་སྒེའུ་ཁུང་ལྟ་བུར་གྱུར་ནས་རྫོང་དེའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་མིང་བྱང་ཞིག་ཏུ་གྱུར་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:མཛའ་གཞས་གྲོང་དུ་དབྱིན་ཧྭ་མེ་ཏོག་བཞད་ནས་ཐག་རིང་འགྲུལ་པའི་ཡིད་དབང་བཀུག།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་གིས་ལྔ་གཅིག་དུས་ཆེན་རིང་རིག་གནས་ཡུལ་སྐོར་ཁྲོམ་ར་ཉེན་མེད་ཡོང་བར་ཞིབ་བཤེར་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10