གོ་ལ་ཧྲིལ་པོའི་རིམས་འགོག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2023-05-09

ཟླ་5ཚེས་5ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་རིམས་ནད་དེ“རྒྱལ་སྤྱིར་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”མིན་པའི་ཁྱབ་བསྒྲགས་བྱས་པ་རེད། ཏོག་གསར་རིམས་ནད་ཤུགས་ཆེན་མཆེད་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ད་ཐེངས་ཀྱི་གཏན་འབེབས་དེས་གཙོ་བོ་ཕྱོགས་གང་ཐད་ལ་བསམ་གཞིག་བྱས་ཡོད་དམ། རང་རྒྱལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་གང་ཞིག་ཐེབས་རྒྱུ་རེད་དམ། ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལེང་དབན་ཉན་དང་ཀྲུང་གོ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་འཕྲལ་སྡོམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྲེ་གོ་ཆིང་གིས་དེའི་སྐོར་ལ་གསལ་འགྲེལ་བྱས་པ་རེད།

ལེང་དབན་ཉན་གྱིས། ཏོག་གསར་རིམས་ནད“རྒྱལ་སྤྱིར་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”ཞིག་མིན་ལུགས་གཙོ་བོ་གཤམ་གསལ་ལ་དམིགས་ནས་བསམ་གཞིག་བྱས་པ་སྟེ། གཅིག་ནི་མིག་སྔའི་རིམས་ནད་མཆེད་ཚུལ་ནས་བལྟས་ན། གོ་ལ་ཧྲིལ་པོས་སྙན་སེང་ཞུས་པའི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་མི་གྲངས་དང་། སྨན་ཁང་དུ་སྡོད་མཁན་མི་གྲངས། ནད་གཞི་ལྕི་བའི་མི་གྲངས། མི་ཤི་ཚད་བཅས་ཚང་མ་རྒྱུན་མཐུད་ཆག་ཡོད། གཉིས་ནི་ནད་དུག་གི་ངོ་བོ་མུ་མཐུད་འགྱུར་བཞིན་ཡོད་ཀྱང་། སྤྱིའི་ཆ་ནས་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་ཕོག་ཚུལ་ལ་འགྱུར་ལྡོག་དེ་ཙམ་ཆེན་པོ་བྱུང་མེད། གསུམ་ནི་མི་ཚོགས་ལ་རང་བཞིན་དུ་འགོས་པ་དང་རིམས་འགོག་སྨན་ཁབ་བརྒྱབ་རྗེས་གོ་ལ་ཧྲིལ་པོར་མི་ཚོགས་ཀྱི་རིམས་འགོག་སྲུང་ཡོལ་ཅུང་ཡག་པོ་བསྐྲུན་ཡོད། བཞི་ནི་རྒྱལ་ཁབ་ཁག་གི་སྨན་བཅོས་སྲོག་སྐྱོབ་མ་ལག་དང་སྤྱི་པའི་འཕྲོད་བསྟེན་མ་ལག་སྐྲུན་ཤུགས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

ཕྱོགས་བསྡུས་ནས་བལྟས་ན། མིའི་རིགས་ཀྱི་རིམས་འགོག་ནུས་པ་དང་ནད་དུག་དབར་བལྟོས་བཅས་དོ་སྙོམས་ཀྱི་རྣམ་པར་གནས་ཡོད་པ་ལས《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》གྱི“རྒྱལ་སྤྱིར་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”མཇུག་འགྲིལ་བའི་སྐོར་གྱི་གཞི་རྩའི་བླང་བྱ་དང་མཐུན་ཡོད་པས། གོ་ལ་ཧྲིལ་པོའི་རིམས་འགོག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་ཆོག

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཏན་འབེབས་དེས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་གང་ཞིག་ཐེབས་མིན་སྐོར་ལ། ལེང་དབན་ཉན་གྱིས། སླད་ཕྱིན་རྒྱལ་ཁབ་ཁག་གིས་དོན་དངོས་གནས་ཚུལ་གཞིར་བཟུང་དམིགས་སའི་རང་བཞིན་ལྡན་པའི་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་སྤྱད་དེ་འགྲིམ་འགྲུལ་དང་། ཡུལ་སྐོར། ཚོང་དོན་སོགས་ཐད་ཀྱི་ཚོད་འཛིན་ཉུང་དུ་གཏོང་ཆོག་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་སྐུལ་མ་གཏོང་བ་དང་རྒྱལ་སྤྱིའི་འགྲོ་འོང་ལ་སྔར་བས་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད། ཡིན་ནའང་གཏན་འབེབས་དེ་བཏོན་པ་ལས་རིམས་ནད་ཀྱི་གནོད་འཚེ་རྦད་དེ་མཇུག་འགྲིལ་བ་མཚོན་མེད་ལ། རང་རྒྱལ་གྱིས་ཏོག་གསར་རིམས་ནད་ལ་དོ་དམ་རྩ་བ་ནས་མི་བྱེད་པའང་མཚོན་གྱི་མེད། རིམས་ནད་ཀྱི་གནོད་འཚེ་སྔར་བཞིན་གནས་ཕྱིན། ང་ཚོས་འབྲེལ་ཡོད་ཀྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ནས་མུ་མཐུད་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དམིགས་སའི་རང་བཞིན་དེ་བས་ལྡན་པའི་བྱ་ཐབས་མཉམ་ དུ་སྤྱད་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

གོམ་སྟབས་རྗེས་མར་རང་རྒྱལ་གྱིས་ཇི་ལྟར་བྱས་ནས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་རྒྱུའི་སྐོར་ལ། ལེང་དབན་ཉན་གྱིས། གཅིག་ནས་རིམས་ནད་ལ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ནད་དུག་ངོ་འགྱུར་གྱི་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱས་ཏེ་ལྟ་ཞིབ་དྲ་རྒྱ་སྟོབས་ཆེན་བསྐྲུན་དགོས། གཉིས་ནས་ཉེན་ཆེའི་མི་ཚོགས་དང་གཙོ་གནད་མི་ཚོགས་ལ་སྔར་བཞིན་རིམས་འགོག་སྨན་ཁབ་མུ་མཐུད་རྒྱག་དགོས། གསུམ་ནས་ནད་ཐོག་སྨན་བཅོས་དང་སྐྱོབ་བཅོས་ནུས་པ་དང་ལྷག་པར་དུ་ནད་གཞི་ལྕི་རིགས་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བཞི་ནས་སྤྱི་པའི་འཕྲོད་བསྟེན་མ་ལག་བསྐྲུན་ཤུགས་ཆེ་རུ་དང་འཇོན་ཐང་ཆེ་རུ་བཏང་ནས་སྔར་ལས་ལྷག་པའི་ངང་ཆད་སྐྱོན་སེལ་བ་དང་། ཞན་ཆ་ལེགས་སུ་གཏོང་བ། སྐྱོན་ཆ་སེལ་བ་བཅས་བྱེད་དགོས། ལྔ་ནས་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་ནས་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་དགོས་ཞེས་བརྗོད་པ་རེད།

ཧྲི་གོ་ཆིང་གིས། ཏོག་གསར་རིམས་ནད“རྒྱལ་སྤྱིར་དོ་ཁུར་བྱེད་པའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”མིན་པ་དེ་གཙོ་བོ་གཤམ་གསལ་གྱི་རྒྱུ་རྐྱེན་ཁག་ལ་དམིགས་པ་སྟེ། གཅིག ཉེ་དུས་ཀྱི་ཏོག་གསར་རིམས་ནད་མཆེད་ཚུལ་ནས་བལྟས་ན། ནད་ཕོག་ཚད་དང་ཤི་ཚད་ཚང་མ་དམའ་པོ་ཡོད། གཉིས། ནད་དུག་རྒྱུད་འགྱུར་དུག་སྲིན་ལ་ལྟ་ཞིབ་བྱས་པ་ནས་བལྟས་ན། མིག་སྔར་དེ་བས་ཚབས་ཆེ་བའི་མཇུག་འབྲས་ཐོན་མེད་པ་དང་། མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོས་མེད་པ། གསུམ། གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་གིས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་པ་བཅས་རེད་བརྗོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་དབྱིན་ཇིའི་རྒྱལ་པོ་ཁྲར་སི་ཁྲི་ཐོག་གསུམ་པ་དང་བཙུན་མོ་ཁཱ་སྨི་ལཱ་ཁྲི་འདོན་མངའ་གསོལ་གནང་བར་གློག་འཕྲིན་བཏང་སྟེ་རྟེན་འབྲེལ་ཞུས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10