2023-03-29
ས་གནས་དེ་གའི་དུས་ཚོད་སྤྱི་ཟླ3པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་གྲོས་མོལ་གནང་བ་རེད།འདི་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕྱག་གཏོང་རེས་གནང་ནས་དྲན་རྟེན་གྱི་མཉམ་པར་ལེན་བཞིན་པའི་ཚུལ་རེད།
མོ་སི་ཁོ་ནས་སྤྱི་ཟླ3ཚེས21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ3པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལྷག་བསམ་མཛའ་གྲོགས་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་གནང་བ་དང་འབྲེལ་ཐུན་མོང་གི་ངོས་འཛིན་གསར་པ་གལ་ཆེན་མང་པོ་གྲུབ་ཡོད། ཕྱོགས་གཉིས་པོས་ཁྱིམ་མཚེས་མཛའ་གྲོགས་དང་མཉམ་ལས་གཉིས་ཕན་གྱི་རྩ་དོན་ལ་གཞིགས་ནས་ཁྱབ་ཁོངས་ཁག་གི་འགྲོ་འོང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
དཔྱིད་ཟླ་གསུམ་པའི་མོ་སི་ཁོ་ཡི་ནམ་མཁའ་སྔོ་ལ་མཁའ་རླུང་གཙང་ཞིང་། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཕེབས་འབྱོར་ཟིན་སྐབས། ཁེ་ལི་མུའུ་ལིན་ཕོ་བྲང་གི་མགྲོན་བསུའི་རྟ་དམག་རུ་ཁག་གིས་གྲལ་བསྒྲིགས་ནས་དགའ་བསུ་ཞུས་པ་དང་ཁེ་ལི་མུའུ་ལིན་ཕོ་བྲང་གི་དམག་སྤྱིས་རླངས་འཁོར་བབས་སར་ཕེབས་བསུ་ཞུས་པ་རེད།
ཕུའུ་ཅིང་གིས་ཆའོ་ཀྲེ་ཚོམས་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། རྔམ་བརྗིད་ལྡན་ལ་དཔའ་ངར་ཆེ་བའི་མགྲོན་བསུའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཁག་སོ་སོར་ཆའོ་ཀྲེ་ཚོམས་ཆེན་གྱི་གཞོགས་གཉིས་ནས་ས་གདན་དམར་པོའི་ཐོག་ཞབས་སོར་ཡང་པོས་ཚོམས་ཆེན་དབུས་སུ་ཕེབས་ཏེ་ཕྱག་བཏང་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྒྲོན་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྔ་རྗེས་སུ་ཁྱབ་ཁོངས་ཆུང་བ་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན། ཨུ་རུ་སུ་དང་ཡུན་རིང་གི་ཁྱིམ་མཚེས་ཀྱི་མཛའ་གྲོགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏང་རྒྱུ་དེ་ལོ་རྒྱུས་ཀྱི་གཏན་ཚིགས་དང་མཐུན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་ཡིན་པས། དུས་སྐབས་གཅིག་དང་བྱ་བ་གཅིག་གི་རྐྱེན་གྱིས་འགྱུར་ལྡོག་འགྲོ་མི་སྲིད། ལོ10ཡི་གོང་ངས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་བྱས་ཚུན། ཀྲུང་ཨུ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། གཉིས་ཁེ་གཉིས་ཕན་བཅས་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་བརྟན་དུ་ཕྱིན་ནས་དེ་བས་ཕྱོགས་ཡོངས་དང་། དེ་བས་དངོས་སྒྲུབ། དེ་བས་འཐབ་ཇུས་རང་བཞིན་ལྡན་པ་བཅས་ཀྱི་ཁྱད་ཆོས་མངོན་ཡོད།
ད་ཐེངས་འཚམས་འདྲི་བྱེད་རིང་། ང་ཚོའི་རླངས་འཁོར་རུ་ཁག་སྐྱོད་སའི་ལམ་བར་དུ་ཨུ་རུ་སུའི་དམངས་ཚོགས་མང་པོས་རང་འགུལ་ངང་ལག་པ་གཡུག་གཡུག་བྱས་ནས་དགའ་བསུ་ཞུ་བ་མཐོང་སྐབས། ཀྲུང་ཨུའི་འབྲེལ་བར་དམངས་འདོད་ཀྱི་རྨང་གཞི་ཟབ་མོ་ལྡན་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན། ད་ཐེངས་ངས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་བྱེད་པ་དེ་ནི་མཛའ་གྲོགས་ཀྱི་འཚམས་འདྲི་དང་། མཉམ་ལས་ཀྱི་འཚམས་འདྲི། ཞི་བདེའི་འཚམས་འདྲི་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་སྔ་འཛིན་ཕྱི་གཏོད་ཀྱིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་པ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ལོ་བརྒྱའི་འགྱུར་ལྡོག་ལ་མགྱོགས་མྱུར་འཕེལ་འགྱུར་འགྲོ་བཞིན་ཡོད་པ་དང་རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བར་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱི་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཙོ་བོ་ཡིན་པའི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོར་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡོད་པས། ཐུན་མོང་ཐོག་འབད་བརྩོན་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འདུན་དང་མཐུན་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནང་སྲིད་ལ་ཐེ་ཇུས་བྱེད་པར་ཐུན་མོང་ཐོག་བཀག་འགོག་བྱ་དགོས། རྒྱལ་སྤྱིའི་ལས་དོན་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་སོགས་ཕྱོགས་མང་སྒྲོམ་གཞིའི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ། གོ་ལ་ཧྲིལ་པོའི་ནད་ཡམས་རྗེས་ཀྱི་དཔལ་འབྱོར་སླར་གསོར་སྐུལ་འདེད། སྣེ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྱབ་ཁོངས་ཁག་གི་མཉམ་ལས་གནས་ཚུལ་སྐོར་གྱི་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བའི་སྙན་སེང་གསན་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། ཁེ་ཕན་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་དང་། མ་དངུལ། ནུས་རྒྱུ། མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། ཐུན་མོང་གི་ངོས་འཛིན་ལ་སྔར་བས་ཤུགས་སྣོན་ཐེབས་ཡོད།འདི་ལོ་ནི་ཀྲུང་གོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཡིན་པས། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་གི་ཡིན།
ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བསྟུད་མར་བདམས་པ་དང་ཀྲུང་གོའི་སྐབས་གསར་པའི་སྲིད་གཞུང་གི་ཁོངས་མིར་སླར་ཡང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན། མིག་སྔར་ཨུ་ཀྲུང་གི་འབྲེལ་བའི་འཕེལ་རྒྱས་ཧ་ཅང་ཡག་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས་དང་དེ་བཞིན་རིམ་པ་ཁག་དང་ཁྱབ་ཁོངས་ཁག་བཅས་ཀྱི་སྤེལ་རེས་མཉམ་ལས་ཧ་ཅང་ཟབ་ཏུ་ཕྱིན་པར་མ་ཟད། ཏོག་གསར་གློ་ཚད་སོགས་རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་འོག་ཨུ་ཀྲུང་ཕྱོགས་གཉིས་པོའི་ཚོང་དོན་ལ་ལྡོག་འཕར་བྱུང་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྤེལ་རེས་ཐབས་ལམ་གྱི་ནུས་པ་གང་ལེགས་བཏོན་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། མ་དངུལ།ནུས་རྒྱུ། འཇིག་རྟེན་འཕུར་སྐྱོད། རྒྱལ་སྒྲོལ་འགྲིམ་འགྲུལ་ཟོག་འགྲེམས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ་དང་། ལུས་རྩལ་དང་། ཡུལ་སྐོར། ས་གནས་སོགས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པའི་རེ་བ་ཡོད།ཐའེ་དབན་དང་། ཞང་ཀང་། ཞིན་ཅང་སོགས་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ལུགས་མཐུན་ཁེ་ཕན་སྲུང་སྐྱོང་བྱེད་པར་ཨུ་རུ་སུ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
གྲོས་མོལ་ཚར་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《དུས་རབས་གསར་པར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》དང《2030ལོའི་གོང་གི་ཀྲུང་ཨུའི་དཔལ་འབྱོར་མཉམ་ལས་ཀྱི་གཙོ་གནད་ཁ་ཕྱོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་འཛིན་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་གནང་བ་རེད།འཚམས་འདྲི་གནང་རིང་ཕྱོགས་གཉིས་པོས་ད་དུང་ཞིང་ལས་དང་། ནགས་ལས། རྨང་གཞིའི་ཚན་ཞིབ། ཁྲོམ་ར་ལྟ་འདོམས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་གནང་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10