མཆོད་ཆབ་བདུད་རྩི་བསིལ་མ།

ཁ་བ་སྨྱུག་འཛིན།        2023-03-27

ཁྲེལ་ཡོད་ལང་ཚོའི་མེ་ཏོག་འཛུམ་འོད་ཀྱིས་ཕྱུག་པའི།།

སྙན་འཇེབས་ཚིག་གི་ཕྲེང་བ་རྟག་པ་རུ་བགྲང་བའི།།

བག་ཡངས་གཞུང་ལུགས་སྟོང་གི་ལྡུམ་ར་རུ་ཉུལ་བའི།།

གཡོ་ལྡན་རྐང་དྲུག་ཁྱུ་འདི་སྐྱིད་མདངས་ཀྱིས་ཁེངས་འདུག།

འཁོར་བའི་སོ་ནམ་ལག་པའི་རེག་ས་ན་མེད་པའི།།

དགྲ་གཉེན་སྡང་ཞེན་སེམས་ཀྱི་ཉེ་ས་ན་མེད་པའི།།

བཟའ་བཏུང་འཚོལ་བའི་དཀའ་སྡུག་རང་ཉིད་ཀྱིས་ཁྱེར་བའི།།

གདན་ཆུང་གྲུ་བཞིའི་སྟེང་གི་རྣལ་འབྱོར་པ་མཁྱེན་ནོ།།

འུད་བསྟོད་གཡོ་འགུག་ཕལ་བའི་ལས་སྤྱོད་དང་བྲལ་བའི།།

མི་དགའ་མཚོན་ཆས་སྣུན་པའི་ངན་སྲོལ་དེའང་ཆད་པའི།།

བདེན་པའི་གཟུར་གནས་དག་ལ་ཁ་ཁུང་ནས་གུས་པའི།།

ཡ་གི་བླ་གྲྭའི་ཚོགས་ལ་སེམས་དབུས་ནས་བསྟོད་དོ།།

གླེགས་བམ་རྩིག་པ་བརྒྱབ་པའི་ཤག་ཆུང་དུ་འཁོད་པའི།།

ངུར་སྨྲིག་གཤོག་པ་བརྐྱངས་ཏེ་འཇིག་རྟེན་གྱི་མཁའ་རུ།།

ཚད་མེད་སྙིང་རྗེའི་ཆར་པ་ཕབ་ཀྱིན་དུ་འཕུར་བའི།།

དབེན་པའི་རི་སུལ་འགྲིམ་པའི་མཁན་སློབ་དག་རྨད་དོ།།

གནས་ལྔའི་ས་ལམ་ཡངས་པོ་ནན་ཏན་གྱིས་བརྒལ་བའི།།

སྡོམ་གསུམ་སྒོ་གསུམ་སྦྱོང་བའི་བླ་བཙུན་གྱི་ཁྱུ་མཆོག།

དམར་སེར་གོས་ཀྱི་ཁུད་དུ་ཚེ་གང་ལ་བཞུགས་པའི།།

དོན་གྱི་བླ་བཙུན་འདི་འདྲ་དུས་ངན་འདིར་དཀོན་ཁུ།།



  • ལེ་ཚན་སྔོན་མ།:རླབས་ལ་སིམ་པའི་འཆར་རྟོག།
  • ལེ་ཚན་རྗེས་མ།:མཇུག་མ་རྫོགས་པའི་རྣམ་ཤེས།