བརྒྱད་ཟིལ་རྫོང་གིས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྤེལ་ནས་ཞིང་པའི་ཡོང་འབབ་འཕར་བར་ རོགས་རམ་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-03-27

ཉེ་ཆར། བརྒྱད་ཟིལ་རྫོང་དཀར་ཆུས་གྲོང་རྡལ་གྱི་སྐྱེ་ལྡན་ལུད་སྤྲོད་སར་ཞིང་ལུད་ལེན་མཁན་གྲོང་མི་ཚུའེ་ཧུང་གིས་དགའ་སྤྲོའི་ངང་ནས་སྐྱེ་ལྡན་ལུད་དེ་དག་རིན་མི་དགོས་པར་སྤྲད་བྱུང་། སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པས་ང་ཚོས་འབྲུ་རིགས་འདེབས་པའི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་སོང་ཞེས་བཤད།

ལོ་གཅིག་གི་འཆར་གཞི་དཔྱིད་ལ་རག་ལས། ད་ལྟ་ནི་དཔྱིད་རྨོད་གྲ་སྒྲིག་དུས་སྐབས་གལ་ཆེན་ལ་སླེབས་ཡོད། སྤྱི་ཟླ2པའི་ཚེས20ཉིན་ནས་བཟུང་། བརྒྱད་ཟིལ་རྫོང་གི་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་མངགས་བཅོལ་ལྟར་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྤེལ་བའི་བརྒྱད་ཟིལ་རྫོང་གི་ཡུས་ཞིན་སྤྱི་གཉེར་ཁང་གི་འབྲེལ་ཡོད་མི་སྣ་སྐྱིད་བ་གྲོང་རྡལ་དང་དཀར་ཆུས་གྲོང་རྡལ། ཡོན་ཏན་གྲོང་རྡལ། རྩིར་ཡུལ་ཤོག། ཁེ་རྡོ་གྲོང་རྡལ། ན་ཆུ་གྲོང་རྡལ། འུ་ལ་གཤིས་གྲོང་རྡལ། ཤར་ཆེན་ཡུལ་ཤོག། དབེན་པོ་གྲོང་རྡལ། ཐང་མགོ་གྲོང་རྡལ། ས་ཡག་གྲོང་རྡལ། རྡོ་ལོ་ཡུལ་ཤོག། ཧོང་པ་གྲོང་རྡལ་བཅས་སུ་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྤེལ། སྐྱེ་ལྡན་ལུད་ཏུན484སྤྲད་ཟིན་པ་དང་སྤྲོད་བཞིན་པའི་སྐྱེ་ལྡན་ལུད་ཏུན124ཡོད། ཡུལ་ཤོག་དང་གྲོང་རྡལ14ཡི་གྲོང་ཚོ57ལ་ཁེབས་ཡོད་པ་དང་ཞབས་ཞུའི་རྒྱ་ཁྱོན་མུའུ56188.55ལ་ཟིན་ཡོད།

ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་བ་ནི་ཞིང་ལས་དེང་རབས་ཅན་དུ་སྐུལ་འདེད་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཡུལ་སྡེ་དར་རྒྱས་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། བརྒྱད་ཟིལ་རྫོང་གིས་ཡུལ་སྡེ་དར་རྒྱས་གཏོང་བའི་ཞབས་འདེགས་ཞུ་བའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས་རྫོང་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)ཁག་ཏུ་ཐུན་མོང་རྩ་འཛུགས་དང་། གྲོང་སྡེའི་མཉམ་ལས་ཁང་། ལག་རྩལ་ཞབས་ཞུའི་ཚོགས་པ་སོགས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་འཛུགས་པར་སྐུལ་ལྕག་བྱས་ཏེ། ཆེད་ལས་ཅན་དང་གཞི་ཁྱོན་ཅན།ལས་ཕྱོད་ཅན་བཅས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ལ་བརྟེན་ནས་མ་གནས་གྲོན་ཆུང་དང་ཕན་འབྲས་ཆེ་བ། ཞིང་པའི་ཡོང་འབབ་འཕར་བའི་དམིགས་འབེན་གྲུབ་ནས་བརྒྱད་ཟིལ་རྫོང་གི་ཁྱད་ཆོས་ཞིང་ལས་ཐོན་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་ལྷག་པར་བསྐུལ་ཐུབ་ཡོད།།



  • ལེ་ཚན་སྔོན་མ།: ལི་ཐང་རྫོང་གི་ཨང་ཀིའི་དཔལ་འབྱོར་གྱིས་འཕེལ་རྒྱས་ སྤུས་ཚད་མཐོན་པོ་ཡོང་བར་ནུས་པ་བསྩལ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།