གློག་སྐུད་སྟེང་གི་བྱེའུ།

ཐོར་བུ།        2023-03-24

ཁྱོད་རང་བློ་བདེ་བག་ཕེབས་ཀྱི།།

འབབ་སའི་ཚང་ཞིག་མེད་དམ་ཅི།།

གློ་སྐུད་སྟེང་དུ་ཉིན་གཅིག་ལ།།

སྨེང་བ་བཏུང་སྟེ་འདུག་དགོས་ཅི།།

བྱ་ཚོགས་ཞོགས་པར་གཞན་དུ་འཕུར།།

ཁྱོད་ནི་དེ་རུ་ངང་གིས་ལུས།།

སེམས་སོང་བྱ་དེ་ཤི་བ་འམ།།

ཡང་ན་ནད་ཀྱིས་ཟིན་ལགས་སམ།།

ཅི་སྟེ་ཉིན་གཅིག་གློག་སྐུད་སྟེང་།།

སྨེང་བ་བཏུང་སྟེ་འདུག་དགོས་ཅི།།

ཆར་ཆུས་གཤོག་པ་བརླན་ན་ཡང་།།

ཅི་མི་སྙམ་དུ་འདུག་པ་ཡི།།

ཁྱོད་ལ་ཚོར་བ་མེད་པ་ཡང་།།

ཡང་ན་སེམས་འདི་གཞན་ཉིད་ལ།།

ཤིན་ཏུ་གཡེང་སྟེ་འདུག་ལགས་སམ།།

བྱི་འུ་བྱི་འུ་མ་ངུ་དང་།།

ངས་ནི་ཁྱོད་ལ་རང་ཉིད་ཀྱི།།

སེམས་ཀྱི་སྤྲིན་ཕུང་འདྲ་བ་ཡི།།

གླུ་གཞས་འདི་ག་ལེན་པར་བྱ།།

མདོག་ཤོར་ཡུལ་ལྗོངས་ལུང་ཁུག་གི།

མི་རྣམས་ལྟད་མོ་ལ་གཡེང་སྟེ།།

མངལ་གྱི་ཕྲུ་གུ་ཤོར་བ་ན།།

ང་ཉིད་རབ་ཏུ་དབེན་པ་རུ།།

འཁོར་བའི་མེ་ལ་ཕྱི་བྱོལ་གྱི།།

ལག་པའི་བརྡ་ཉིད་བསྟན་ཏེ་སྡོད།།

དེ་ལྟ་ན་ཡང་ཁྱོད་ཀྱི་སེམས།།

གང་ལ་སོང་བ་མ་ངེས་ཏེ།།

ངས་ནི་ཉི་འོད་འཐུང་བཞིན་དུ།།

གློག་སྐུད་སྟེང་དུ་ཧད་དེ་སྡོད།།



  • ལེ་ཚན་སྔོན་མ།:ཟླ་བའི་བསིལ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།