ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

    མི་དམངས་ཉིན་རེའི་ཚགས་པར།    2023-03-23

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་20ཉིན་གྱི་ཕྱི་དྲོ། མོ་སི་ཁོར་ཕེབས་འབྱོར་ཟིན་མ་ཐག་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

        ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་20ཉིན་གྱི་ཕྱི་དྲོ། མོ་སི་ཁོར་ཕེབས་འབྱོར་ཟིན་མ་ཐག་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ་རེད།

        ཞི་ཅིན་ཕིང་ཕེབས་འབྱོར་ཟིན་སྐབས། ཁེ་ལི་མུའུ་ལིན་ཕོ་བྲང་གི་དམག་སྤྱིས་རླངས་འཁོར་བབས་སར་བསུ་བ་ཞུས། ཙུང་ཐུང་ཕུའུ་ཅིང་གིས་དགའ་སྤྲོའི་ངང་ཞི་ཅིན་ཕིང་ལ་ཕྱག་བཏང་གནང་བ་དང་འབྲེལ་ལྷན་བཞུགས་སྐུ་པར་ཡང་བསྒྲོན་པ་རེད། གཙོ་བདག་གཉིས་པོས་ཀྲུང་ཨུའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་གཏིང་ཟབ་ལ་ལྷག་བསམ་ཟོལ་མེད་ངང་སྤེལ་རེས་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་སླར་ཡང་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ལོ་བཅུའི་གོང་། ངས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་རྗེས་ཕྱི་རྒྱལ་དུ་འཚམས་འདྲི་བྱེད་པར་བསྐྱོད་ཐེངས་དང་པོ་དེ་ཨུ་རུ་སུ་བདམས་པ་གསལ་པོར་དྲན་གྱི་འདུག ལོ་བཅུའི་རིང་ང་དང་ཙུང་ཐུང་ཕུའུ་ཅིང་དབར་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་ངས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་མུ་མཐུད་འཁུར་བའི་སྐབས་དང་མི་རིང་བའི་གོང་སླར་ཡང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པའི་སྐབས་སུ། ཁྱེད་ཀྱིས་འཕྲལ་མར་རྟེན་འབྲེལ་གློག་འཕྲིན་བཏང་བར་ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨུ་རུ་སུས་སང་ལོ་ཙུང་ཐུང་འདེམས་བསྐོ་བྱ་རྒྱུ་རེད། ཁྱེད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཨུ་རུ་སུའི་འཕེལ་རྒྱས་དང་དར་རྒྱས་ལ་མགྱོགས་མྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཨུ་རུ་སུའི་མི་དམངས་ཀྱིས་མུ་མཐུད་ཁྱེད་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨུའི་འབྲེལ་བ་ད་བར་འཕེལ་རྒྱས་ཕྱིན་པ་དེར་ལོ་རྒྱུས་ཀྱི་གཏན་ཚིགས་ཟབ་མོ་ལྡན་ཡོད། ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པའི་ཀྲུང་ཨུའི་འབྲེལ་བ་དེ་རང་སོ་སོའི་ཕྱི་འབྲེལ་གྱི་སྤྱི་ཡོངས་དང་ཕྱི་ཕྱོགས་སྲིད་ཇུས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་བཙན་རང་བརྟེན་གྱི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། ཀྲུང་ཨུའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་བ་དེ། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་རྩ་བའི་ཁེ་ཕན་དང་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་གཞིགས་ནས་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཁ་ཕྱོགས་ཆེན་པོ་ནི་བློ་བརྟན་འགྱུར་མེད་ཅིག་ཡིན། ཀྲུང་ཨུ་ཕྱོགས་གཉིས་པོས་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་ཤུགས་སྣོན་རྒྱག་པ་མ་ཟད། འཛམ་གླིང་སྣེ་མང་ཅན་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། རང་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་གི་སྲོག་ཤིང་དུ་འགྱུར་བ་བྱེད་དགོས།

         ཕུའུ་ཅིང་གིས་ཞི་ཅིན་ཕིང་ཨུ་རུ་སུར་རྒྱལ་དོན་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་མུ་མཐུད་བཞེས་པར་སླར་ཡང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཕུའུ་ཅིང་གིས། འདས་པའི་ལོ་བཅུའི་རིང་ཀྲུང་གོའི་གང་ས་ཅི་ཐད་ཀྱི་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་ཁྱད་འཕགས་རང་བཞིན་ལས་བྱུང་བ་ར་འཕྲོད་ཐུབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མུ་མཐུད་དར་རྒྱས་གོང་འཕེལ་དང་གཏན་འཁེལ་ཟིན་པའི་བརྗིད་ཆེའི་དམིགས་ཚད་ཁག་བདེ་བླག་ངང་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཉེ་བའི་ལོ་ཤས་རིང་ཨུ་ཀྲུང་འབྲེལ་བའི་ཁྱབ་ཁོངས་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

        ཕྱོགས་གཉིས་པོས་ཡུག་རེན་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཞིང་། ཞི་ཅིན་ཕིང་གིས། ཡུག་རེན་གྱི་གནད་དོན་ཐད་ཞི་བདེ་དང་དཔྱོད་ཤེས་ཀྱི་འབོད་སྒྲ་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་དང་། རྒྱལ་ཁབ་མང་ཆེ་བས་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་བཟུང་ནས་ མེ་ཚ་བའི་སྒང་ལ་ཤིང་གཤགས་པའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་ཀྱི་ཡོད། ལོ་རྒྱུས་ནས་བལྟས་ན། གདོང་གཏུག་ཚང་མ་མཐར་གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱུང་ཡོད། མི་རིང་བའི་གོང་ཀྲུང་གོ་ཕྱོགས་ཀྱིས་ཆེད་མངགས་ལངས་ཕྱོགས་ཀྱི་ཡིག་ཆ་སྤེལ་ཏེ་ཆབ་སྲིད་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་དང་། འཇམ་འཐབ་ཀྱི་བསམ་བློར་ངོ་རྒོལ། ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ་བཅས་བྱེད་པའི་རེ་འབོད་བྱས་ཡོད། དཀའ་ངལ་ཇི་ཙམ་ཆེ་ན། དེ་ཙམ་གྱིས་ཞི་བདེ་བརྩོན་ལེན་བྱེད་པ་དང་། འགལ་ཟླ་རྣོ་ངར་ཇི་ཙམ་ཆེ་ན་དེ་ཙམ་གྱིས་སྐད་ཆ་ཤོད་རེས་གང་ཐུབ་བྱེད་དགོས་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ནས་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        ཕུའུ་ཅིང་གིས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞུང་དྲང་དང་། དྲང་གཞག དོ་མཉམ་བཅས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས་དྲང་གཞག་དྲང་བདེན་གྱི་གཞུང་བསྐྱངས་བར་ཨུ་རུ་སུ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཆབ་སྲིད་ནས་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཀྱི་ཡིག་ཆར་ཞིབ་འཇུག་ནན་ཏན་བྱས་པ་དང་ཞི་བའི་གླེང་མོལ་ཐད་ལྷུག་པའི་རྣམ་འགྱུར་འཛིན་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སང་ཉིན་སླར་ཡང་གྲོས་མོལ་གནང་ནས་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་འཆར་གཞི་གསར་པ་འགོད་རྒྱུར་རེ་སྒུག་གནང་བ་རེད།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་གསལ་བརྡ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།