རླབས་ལ་སིམ་པའི་འཆར་རྟོག།

བྲན།        2023-03-27

བླུན་པོའི་འུད་བསྟོད་མ་ཡིན་ཁྲི་ཤོར་གྱི་མཚོ་མོ།།

གདོད་མར་འཕྱུར་བའི་ཕྱིར་རྟོག་གླེགས་བམ་ལས་མཐོང་ན།།

གཡེར་ཐང་འབྲོག་སྡེ་འབུམ་རྒུའི་སྐྱིད་སྡུག་གི་འཚོ་བ།།

སྐད་ཅིག་ཁྱུར་མིད་བྱས་པའི་ཧམ་པ་དེར་ཅི་བྱ།།

བཙན་བློན་མགར་བའི་ཞབས་སེན་མུ་ཏིག་གི་ཚོམ་བུ།།

བྱང་ཐང་འབྲོག་རུའི་སྤང་ལ་ཐོར་མིན་གྱི་བཤད་པ།།

གཅིག་ཏུ་བདེན་པར་རློམ་པའི་ངག་རྒྱུན་གྱི་རྫི་རླུང་།།

དར་ལུང་རྣ་བའི་བཅུད་ཀྱི་བདུད་རྩི་རུ་བསྒོམས་ཡོད།།

དེ་ཚེ་བྱང་ཐང་འགྲིམས་པའི་སྐྱོ་ངལ་གྱི་གདུང་བར།།

བར་ཆད་སྐོམ་པ་ཆེ་བའི་སྡུག་བསྔལ་གྱིས་གཙེས་པས།།

གང་གི་བཀའ་ལྟར་གང་གིས་རྡོ་ལེབ་ཀྱི་འོག་ནས།།

བླངས་པའི་ཆུ་དེས་སྐོམ་པ་ཐེངས་གཅིག་ནི་སེལ་སྐད།།

ངག་གི་རྒྱུན་ལ་བསྲེས་པའི་འཆར་རྟོག་གི་དྲན་པ།།

བརྗེད་ངེས་རླུང་གི་བུ་མོས་བར་ཆད་ཀྱིས་ཁྱེར་བས།།

ཆུ་མིག་བརྡོལ་བའི་སྒྲ་དང་བྱང་རླུང་གི་སྐད་ཀྱིས།།

གློ་བུར་འགྲོ་དགོས་བྱུང་བའི་འབོད་བརྡ་ནི་བཏང་སྐད།།

འགྲོ་ཞོར་དབྱིངས་ན་འཕུར་བའི་རྒོད་པོ་དེ་མཐོང་བས།།

ད་ནི་མི་སྐྱོན་གང་གི་ཐུགས་རྗེ་རང་ཡིན་ཞེས།།

མཁྱེན་པའི་ཟོལ་གྱི་གཏམ་དེ་བདེན་པ་རང་ཡིན་ན།།

མཚོ་མོ་འཕྱུར་བའི་ཚུལ་དེ་ཅི་ཞིག་ལ་མི་རྟོགས།།

ཚུལ་དེ་གང་གི་མཁྱེན་པའི་མེ་ལོང་ལ་ཤར་བས།།

རྒྱ་གར་ས་འཛིན་མ་ཧཱ་དེ་ཝ་ཡི་དབུ་ཡང་།།

གློ་བུར་བྲེགས་པའི་སྐད་ཅིག་ཁྱེར་ཡོང་བ་བདེན་ན།།

བྱེད་པོས་བློ་ཡིས་འཇིག་རྟེན་བཟོས་པ་ཡང་བདེན་སྲིད།།

ཧ་ཧ་དྲག་རླུང་མིག་གི་གཤེད་མ་རུ་སྡང་དུས།།

འདྲེ་མོ་བྲག་དཀར་དགའ་བའི་དུང་སེམས་ཀྱི་ཟེགས་མ།།

མཚོ་མོའི་མཐའ་རུ་འདེད་པའི་སྐྱོ་སྡུག་གི་རྨི་ལམ།།

གསེར་མིག་ཉ་མོ་རྩེན་པའི་གཤོག་འགྱུ་ལ་བསྡེབས་ཡོད།།

མཚོ་སྙིང་མ་ཧཱ་དེ་ཝ་གཏོར་གས་སུ་གཏོང་ཆེད།།

བྲག་དཀར་ཐེམ་ཆེན་དབུ་རྩེ་མཚོ་ནང་ལ་གཡུགས་པ།།

འདྲེ་མོའི་རྣམ་ཤེས་བསྲུང་བའི་གཏིང་རྡོ་རུ་གྱུར་པ།།

ལས་ཀྱི་བཀའ་ཆད་ཕབ་པའི་བརྡ་རྟགས་སུ་བསླངས་ཡོད།།



  • ལེ་ཚན་སྔོན་མ།:ཁ་པར་འོག་གི་འཇིག་རྟེན།
  • ལེ་ཚན་རྗེས་མ།:མཆོད་ཆབ་བདུད་རྩི་བསིལ་མ།