འཁྲེང་ཞེན།

རླུང་སྲས།        2023-03-23

གྲོང་ཁྱེར་གྱི་སྲང་ལམ་མཐའ་དག།

སྡིག་སྒྲིབ་ཀྱི་མུན་པས་

གོ་རིམ་དང་སྙིང་རྗེ་མེད་པར་ཁྱུར་མིད་བཏང་།

དུས་ཚོད་ཀྱི་མཚོན་ཆ་རྩུབ་མོས་

མི་རྣམས་སྐར་ཆ་གཅིག་ལ་ཕྱི་བསྣུར་མི་བཅུག་པར།

འཚང་ཀ་ཤིག་ཤིག་རང་གི་གནས་མལ་ལ་དེད།

ང་རང་ཁྱོད་དང་འཕྲད་རྗེས།

དུས་ཚོད་ཀྱི་གཙང་པོ་རྒྱང་ནས་རྒྱང་དུ་བཞུར་ཏེ།

ཆོས་ཉིད་གྲིབ་གཟུགས་གླིང་ག་འདི་ལ་ཉེ་བར་གཅར་ཡང་།

ང་རང་ཁྱོད་དང་རྒྱང་བཀྱེད་མི་སྲིད།

དེ་ནི་ཁོ་པ་ཁྱོད་ཀྱི་ལྡེམ་འཕྲུལ་ལ་འཁྲེང་བའི་

ཕྱིར་མི་ལྡོག་པའི་དན་རྟགས་ཤིག་གོ།

ཁྱོད་ཀྱི་ལང་ཚོའི་སྙེམ་པས་

ངའི་བླ་སྲོག་གི་བརྟན་པ་འཕྲོག་ནས་བཟུང་།

ངས། ངས།

ཉི་ཤར་ནས་ཉི་ནུབ་བར་གྱི་ལས་བྱ་མཐའ་དག།

སྐྱེ་བ་དང་འཆི་བའི་བར་གྱི་སྙིང་པོ་ཇི་སྙེད།

མཆི་མའི་ཐིགས་པ་བཞིན་ཡོངས་སུ་དོར་ཏེ།

ཁྱོད་རང་ཁོ་ན་པང་དུ་ཡང་ཡང་བླངས།

ད་ལྟ་ང་རང་དངོས་ཡོད་ཀྱི་གྲོང་ཁྱེར་ལས་རྒྱང་བཀྱེད་དེ།

སྒྱུ་འཕྲུལ་ལྟ་བུའི་ཁྱོད་ཀྱི་ཀློང་དུ་སིམ་ཡོད།

ད་ལྟ་ང་རང་འཚོལ་སྙེག་གི་རི་རྩེ་ལས་ཐང་ལ་བབས་ཏེ།

ཚོར་བའི་བསླུ་བྲིད་ཀྱི་པང་དུ་ཟུག་ཡོད།

དེ་ལྟ་ནའང་། ང་ལ་བློ་འགྱོད་མི་འདུག།


  • ལེ་ཚན་སྔོན་མ།:སྤྲིན་གྱི་རྫི་བོ།
  • ལེ་ཚན་རྗེས་མ།:ཡིད་གཅོང་ཡི་གེ།