སེམས་ཀྱི་རྨ་ཁ་ཟབ་མོ།

འཇམ་དབྱངས་ནོར་བུ།        2023-03-21

རིག་གནས་གསར་བརྗེའི་ལས་དོན་སྤེལ་མཚམས་བཞག་དུས།།

ཕ་ཡུལ་སྡེ་བའི་འཚོ་བ་ཐུན་མོང་ཡིན་དུས།།

ཡབ་ཆེན་ཕ་ལོ་ཐུན་མོང་ལུག་རྫི་འགྲོ་བ།།

ཅང་མེད་ཁྱིམ་ཚང་གི་ཞིག་གི་ལྟོ་དོན་ཡིན་འདུག །

 

སྒོ་ལ་འདོགས་རྒྱུའི་རྟ་ནོར་ལུག་གསུམ་གཅིག་མེད།།

སྣོད་ལ་བསགས་པའི་མར་ཆུར་འོ་གསུམ་ཅང་མེད།།

རེ་སྦྲ་ཐེད་པོའི་ནང་གི་ཉམས་ཆུང་མིང་སྲིང་།།

གོ་ཁའི་ཐལ་སྐྱའི་ནང་ན་རྩེད་དགོད་བྱས་འདུག །

 

དྲིན་ཆེན་ཨ་མ་མོ་ལོ་ཉེར་དྲུག་སོན་དུས།།

ལོ་ཆུང་མཛེས་མའི་ལང་ཚོ་གཡོགས་ལ་གཏིམ་ཞོར།།

མ་བུའི་བརྩེ་བ་ཆེན་མོ་སེམས་ལ་བརྣག་ནས།།

གཡང་ཁྱིམ་གྲུ་བཞི་འདི་ཡི་བདག་མོ་ཡིན་འདུག །

 

འབའ་ཡུལ་ཐང་ཆེན་རྩྭ་ཐང་བདག་མེད་ཡིན་དུས།།

རྩེ་གཞུང་ལྷ་ཡུལ་རང་སྡེའི་དབྱར་ས་ཡིན་དུས།།

རུ་སྤོར་སྐྱེལ་འདྲེན་རྟ་གཡག་ཁོ་ན་བཀོད་དུས།།

དེང་སྐབས་སྡེ་བ་འདི་ཡི་ཡན་ཞིག་ཡིན་འདུག །

 

གཡང་ཁྱིམ་མགོ་སྦྲ་སེར་པོ་ཁ་མདོག་ངན་ཞིང་།།

རང་ལུས་དམར་རྗེན་སྟེང་ན་གོན་པ་མེད་པར།།

དབྱར་དགུན་སྟོན་དཔྱིད་རྐང་རྗེན་རྐྱང་རྐྱང་རྒྱུག་དུས།།

སེམས་ཀྱི་སྐྱིད་སྣང་ད་ལྟའི་ཡན་ཞིག་ཡིན་འདུག །

 

སློབ་གྲྭར་སློབ་མ་མངགས་ན་དུག་ལྟར་འཛེམ་དུས།།

མྱི་ཁ་ནག་པོ་ཞིག་གི་སྔོན་ནས་ལངས་ཏེ།།

བུ་ཆུང་སློབ་གྲྭར་བརྫང་བའི་སྙིང་གི་སྤོབས་པས།།

ནུས་མེད་བུ་ལ་མ་འོངས་འདུན་ལམ་བསྟན་ཡོད།།

 

བུ་རལ་ང་རང་བྱིས་པ་ལོ་བརྒྱད་ཡིན་དུས།།

དྲིན་ཆེན་ཕ་ལོའི་སྐུ་གཟུགས་བདེ་ཐང་གནས་དུས།།

རང་ཡུལ་ཕྱུགས་ར་སྡེ་བ་གཅེས་ཕྲུག་མང་ཡང་།།

བུ་ཆུང་ང་ཡི་སྐྱིད་ཅིག་མཐོང་རྒྱུ་མི་འདུག །

 

སློབ་གྲྭའི་སློབ་ཁང་ནང་ན་འཁོན་འཛིང་མང་ལ།།

དགེ་རྒན་སློབ་མའི་བར་ན་ཕྱོགས་རིས་ཆེ་དུས།།

ཡབ་ཆེན་ལུས་ལ་བཅོས་མེད་ནད་ཅིག་ཐེབས་པ།།

བརྗེད་མེད་ན་ཟུག་ཞིག་གི་རྨ་ཁ་ཡིན་འདུག །

 

ཉི་མའི་འོད་ཀྱིས་འཁྱག་རོམ་རྨང་ནས་དྲོས་ཏེ།།

ལྗང་མདོག་རྩྭ་ཡིས་ས་གཞི་མཛེས་པར་བརྒྱན་ནས།།

གསུམ་པའི་ཚེས་དགུ་ཤར་བའི་ཕྱི་དྲོ་ཞིག་ལ།།

དྲིན་ཆེན་ཨ་ཕའི་ཚེ་ཡི་འཕེན་པ་ཟད་ཐལ།།

 

ཕ་འཛོམས་མ་འཛོམས་ས་ནས་དྭ་ཕྲུག་གྱུར་ཏེ།།

གང་ལ་གཏད་སོ་མེད་པའི་བུ་ཆུང་ཁེར་འདུག །

འབྲས་མེད་རེ་བ་སྟོང་བའི་སློབ་གྲྭའི་ནང་ན།།

ཨ་ཕ་སྙིང་ནས་དྲན་པའི་སྡུག་གི་བཟི་ཡོད།།

 

དུས་རབས་ཉེར་གཅིག་དུས་ཀྱི་རྒྱུད་ནས་ཚེས་ཏེ།།

ཚན་རིག་ལག་རྩལ་ཉི་ཟླའི་ཁྱིམ་ལ་སླེབས་ཀྱང་།།

སེམས་ཁམས་དྲན་པའི་གདུང་བའི་དྭ་ཕྲུག་སྣབས་ལུག །

ད་དུང་དྲན་པའི་ཀློང་ན་མགོ་བོ་འཁོར་ཡོད།།

 

དུས་རབས་གསར་བའི་སྐྱིད་ཀྱི་འཚོ་བའི་ནང་ལ།།

ཟས་གོས་ལོངས་སྤྱོད་འཛད་མེད་ཀླུ་ལ་འགྲན་ཞིང་།།

སྟོབས་དང་འབྱོར་བ་དབྱར་ཁའི་ཆར་བཞིན་རྒྱས་ཡང་།།

ཕ་ལོ་དྲན་པའི་སྡུག་གི་ཕྱེད་ཀ་མི་དོ།།

 

གདུང་བའི་སྣང་བ་རང་སེམས་རང་གིས་གསོས་ན།།

ལྷོ་མོན་ཚ་བའི་ཁུལ་ལ་ཁུ་ལོ་འཕུར་འདྲ།།

མཚན་མོའི་རྨི་ལམ་ཞིང་ནས་ཕ་དང་མཇལ་ན།།

བདེ་ལྡན་ཞིང་ལ་སླེབས་འདྲའི་འཁྲུལ་སྣང་སྐྱེས་ཀི །

 

དྲན་པའི་ལོ་ཟླ་ཆུ་བོའི་རྒྱུན་ལྟར་བཞུར་ནས།།

མི་ལོ་ཉེར་གཉིས་ལྷོད་མེད་ངང་གིས་འདས་ཀྱང་།།

ཡབ་ཆེན་དྲན་པའི་སྣང་བ་སྤྲིན་ལ་འདྲེས་ཏེ།།

འཛིན་མེད་ནམ་མཁའི་དབྱིངས་ལ་དབྱེར་མེད་འདྲེས་ཐལ།།

 

སྡུག་གི་མུན་པ་སངས་ན་སྐྱོ་བའི་སངས་ཆོག །

དྲན་པའི་སྣང་བ་བོར་ན་མཆི་མའི་བོར་ཆོག །

རང་སེམས་སྐྱོ་ནས་མིག་ཆུ་ཤམ་ཤམ་བཞུར་ཡང་།།

བསུབ་མེད་སེམས་ཀྱི་རྨ་ཁ་སོས་རྒྱུ་མི་འདུག །

                                            2023-3-9ཉིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ན་ཚོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།