ཐོར་བུ། 2023-03-08
ད་ལྟའི་དུས་ཚོད་ཉི་འོད་གཉོམ་དུས་འདིར།།
ངའི་སེམས་གསལ་རིག་ཤེལ་གྱི་རྟ་ཕོ་དེ།།
ཕ་ཡུལ་ལུང་པར་ལང་ཚོའི་མེ་ཏོག་གི།
འདབ་མ་འཐོར་བའི་ཡུམ་ཆེན་མཇལ་དུ་ཐལ།།
ཡུམ་ཆེན་སྦྲ་དང་ཉེ་སའི་ཆུ་འགྲམ་དུ།།
རགས་སྐྱོགས་སེར་པོས་འཐུང་ཆུ་འཆུ་བཞིན་འདུག།
ཆུ་འགོ་མ་བཅུའི་སྔོན་ལ་དཀོན་མཆོག་ལྷར།།
ཆུ་མཆོད་ཐེངས་གསུམ་བྱས་ཏེ་འདི་སྐད་སྨྲ།།
སྐྱབས་གནས་བླ་མ་དཀོན་མཆོག་རྣམ་པ་གསུམ།།
ངའི་བུའི་ལུས་ལ་ན་ཚ་མེད་པར་ཤོག།
ངའི་བུའི་སེམས་ལ་སྡུག་བསྔལ་མེད་པར་ཤོག།
ངའི་བུའི་བསམ་པའི་དོན་ཀུན་འགྲུབ་པར་ཤོག།”
དེ་སྐད་སྨྲས་རྗེས་བུ་ང་དྲན་བཞིན་དུ།།
མིག་ཆུའི་ཕྲེང་ཐག་ཆུ་ཁའི་རྡོ་སྟེང་ལྷུང་།།
ག་ལེ་ག་ལེར་མ་ཎི་ཟློ་བཞིན་དུ།།
ཆུ་སྣོད་ཁྱེར་ཏེ་ཁྱིམ་གྱི་ཕྱོགས་སུ་ཐལ།།
ངའི་སེམས་རྣམ་ཤེས་ཤེལ་གྱི་ཕྱོགས་ཅན་དེས།།
ཨ་མའི་གཟུགས་བརྙན་ཁུར་ཏེ་ལུས་སུ་ཐོན།།
དྲན་གདུང་སྐྱོ་སྣང་གཉིས་ཀའི་འཇིག་རྟེན་ནས།།
ཚིགས་བཅད་འདི་ཡང་གཉོམ་པའི་ངག་ལས་ཤོར།།
རྩོམ་གསར། 10