ཁམས་ཉག་ཆུ་ཡུལ་གྱི་སྐྱེལ་བྲོ།

    ཁམས་པའི་འཛུམ་རིས།    2023-03-21

  ཁམས་ཉག་ཆུ་ཡུལ་གྱི་སྐྱེལ་བྲོ།

 སྐྱེལ་བྲོ་ནི་དཔེར་ན་ཁྱིམ་གྱི་སྐུ་མགྲོན་ལ་སྐྱེལ་མ་བྱེད་པ་བཞིན།བྲོ་ཤགས་ཀྱི་རྗེས་དང་བྲོ་བ་ཁོམ་ལོང་མེད་ནས་ཕྱིར་འགྲོ་དུས་སུ་སྐྱེལ་མ་བྱེད་པའི་བྲོ་དང་འགྲོ་མཁན་གྱིས་འགྲོ་བྲོ་འཆམ་དགོས་པ་ཡིན།དཔེར་ན་འགྲོ་མི་བྱ་ལ་བཀྲ་ཤིས་ཤིང་།སྡོད་མི་ཤིང་ལ་དོན་འགྲུབ་པའི་སྨོན་བྲོ་དང་།ལུས་ཁ་ཁར་སོང་ཡང་སེམས་མཉམ་གནས་ཀྱི་བརྩེ་བྲོ།རྗེས་ཕྱོགས་སླར་ཡང་མཇལ་བའི་རེ་བྲོ་སོགས་ངོ་མཚར་ལྡན་པ་ཞིག་ཡིན།

སྣ་ཚོགས་བྲོ་ཆེན་གྱི་སྐྱེལ་བྲོ།

སྐྱིད་ཉི་མ་ལ་ཤར་རེ་ལུང་ཤར།།

ཤར་ཕོ་བྲང་རྩེ་ནས་རེ་ཤར་བྱུང་།།

ཤར་ཕོ་བྲང་རྩེ་ནས་རེ་ཤར་དུས།།

དགའ་དེ་རིང་མི་འཛོམས་ཀྱི་ལྷན་འཛོམས།།

དགའ་དེ་རིང་མི་འཛོམས་ཀྱི་ལྷན་འཛོམས།།

སང་ནངས་མོ་རྡོག་པ་རེ་ཁ་ཁ།།

རྐང་རྡོག་པ་ཁ་ཁར་རེ་སོང་ཡང་།།

སེམས་བསམ་པ་བྱ་འགྲོ་ཡི་ཕྱོགས་སྡོད།།

དུང་ཟླ་བ་ལ་ཚེས་རེ་ལུང་ཚེས།།

ཤར་ཕོ་བྲང་སྐེད་ནས་རེ་ཚེས་བྱུང་།།

ཤར་ཕོ་བྲང་སྐེད་ནས་རེ་ཚེས་དུས།།

དགའ་དེ་རིང་མི་འཛོམས་ཀྱི་ལྷན་འཛོམས།།

དགའ་དེ་རིང་མི་འཛོམས་ཀྱི་ལྷན་འཛོམས།།

སང་ནངས་མོར་རྡོག་པ་རེ་ཁ་ཁ།།

རྐང་རྡོག་པ་ཁ་ཁར་རེ་སོང་ཡང་།།

སེམས་བསམ་པ་བྱ་འགྲོ་ཡི་ཕྱོགས་སྡོད།།

སྐར་སྨིན་དྲུག་ལ་བཀྲ་རེ་ལུང་བཀྲ།།

ཤར་ཕོ་བྲང་འདབས་ནས་རེ་བཀྲ་བྱུང་།།

ཤར་ཕོ་བྲང་འདབས་ནས་རེ་བཀྲ་དུས།།

དགའ་དེ་རིང་མི་འཛོམས་ཀྱི་ལྷན་འཛོམས།།

དགའ་དེ་རིང་མི་འཛོམས་ཀྱི་ལྷན་འཛོམས།།

སང་ནངས་མོ་རྡོག་པ་རེ་ཁ་ཁ།།

རྐང་རྡོག་པ་ཁ་ཁར་རེ་སོང་ཡང་།།

སེམས་བསམ་པ་བྱ་འགྲོ་ཡི་ཕྱོགས་སྡོད།།

ཙན་དན་སྐྱེལ་བྲོ།

བྱ་ཆེན་རྨ་ཡ་སེར་པོ་ཐག་རིང་རྒྱང་ལ་འཕུར་ན།།

ལྷ་ཤིང་ཙན་དན་སྡོང་པོ་སེམས་ལ་དྲན་ཞིང་ཕེབས་རོགས།།

དུས་དང་སྐལ་བ་བཟང་ན་ལོ་རེ་སྐོར་རེར་ཕེབས་ཤོག།

བྱ་ཆེན་ཐང་དཀར་རྒོད་པོ་ཐག་རིང་རྒྱང་ལ་འཕུར་ན།།

ལྷ་ཤིང་ཐང་དཀར་སྡོང་པོ་སེམས་ལ་དྲན་ཞིང་ཕེབས་རོགས།།

དུས་དང་སྐལ་བ་བཟང་ན་ལོ་རེ་སྐོར་རེར་ཕེབས་ཤོག།

བྱ་ཆེན་ཁུ་ཡུག་སྔོན་མོ་ཐག་རིང་རྒྱང་ལ་འཕུར་ན།།

ལྷ་ཤིང་ལྕང་དཀར་སྡོང་པོ་སེམས་ལ་དྲན་ཞིང་ཕེབས་རོགས།།

དུས་དང་སྐལ་བ་བཟང་ན་ལོ་རེ་སྐོར་རེར་ཕེབས་ཤོག།


  • ལེ་ཚན་སྔོན་མ།:ཆེས་ཐོག་མའི་བྲོ་མཆོད་དང་ཨོ་ཐོག་གནའ་བྲོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།