ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་ཇུས་གཞི་༽པར་འགྲེམས་བྱས་པ།

    ཀྲུང་གོ་བོད་སྐད་རླུང་འཕྲིན།    2023-03-20

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་ཇུས་གཞི་༽པར་འགྲེམས་བྱས་ཡོད།

༼ཇུས་གཞིའི་༽ནང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཡུལ་ནི་མ་ལག་དེ་བས་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། ལས་གཉེར་གྱི་ལས་ཕྱོད་ཆེ་བ་བཅས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་འཛུགས་རྒྱུའི་ཆེད་དུ་ཡིན། ཏང་ཀྲུང་དབྱང་གི་ལས་ཁུངས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་བཅས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་གཅིག་གྱུར་འཆར་འགོད་བྱེད་པ། ཁྱབ་ཁོངས་གཙོ་བོའི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་གི་འགོ་ཁྲིད་བྱ་རྒྱུ་དེ་ལས་ཁུངས་བཀོད་སྒྲིག་ཐད་དེ་བས་ཚན་རིག་དང་མཐུན་པ་དང་། འགན་ནུས་བཀོད་སྒྲིག་དེ་བས་ལེགས་པ། སྒྲིག་གཞི་དང་ནང་རྐྱེན་སྔར་བས་འཐུས་སྒོ་ཚང་བ། ལས་གཉེར་དོ་དམ་སྔར་བས་ལས་ཕྱོད་ཆེ་བ་བཅས་ཡོང་རྒྱུར་སྐུལ་མ་གཏོང་དགོས་ཞེས་བསྟན་ཡོད།

ཏང་ཀྲུང་དབྱང་གི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཙོ་བོ་གཤམ་གསལ་གྱི་ནང་དོན་ཚུད་ཡོད་པ་སྟེ། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་བཙུགས་ནས་ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ལས་ཁུངས་སུ་བརྩི་རྒྱུ་དང་ཏང་ཀྲུང་དབྱང་གི་ལས་ཁུངས་བང་རིམ་ནང་འཇུག་རྒྱུ། ཀྲུང་དབྱང་དངུལ་རྩ་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་འཛུགས་རྒྱུ། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུས་རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ། རྒྱལ་ཁབ་ཡིག་སྐུར་ངོ་བཅར་ཅུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱ་རྒྱུ། ཀྲུང་དབྱང་ཀང་ཨའོ་ལས་དོན་གཞུང་ལས་ཁང་འཛུགས་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་བྱ་དོན་གཞུང་ལས་ཁང་གི་སྒོ་བྱང་སོར་ཉར་བྱ་རྒྱུ། ཁེར་རྐྱང་དུ་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་བྱ་དོན་གཞུང་ལས་ཁང་མེད་པ་བཟོ་རྒྱུ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་བསྒྱུར་བཅོས་བྱ་རྒྱུའི་ནང་གཙོ་བོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཚུད་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་བྱ་རྒྱུའི་ནང་གཙོ་བོ་གཤམ་གསལ་གྱི་ནང་དོན་ཚུད་ཡོད་པ་སྟེ། ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱ་རྒྱུ། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་སྔར་བཞིན་ཚན་རིག་ལག་རྩལ་པུས་དོ་དམ་བྱ་རྒྱུ། ཚན་རིག་ལག་རྩལ་པུའི་རྒྱལ་ཁབ་ཕྱི་རྒྱལ་རིགས་གཅིག་མཁས་པའི་སྒོ་བྱང་མེད་པ་བཟོ་རྒྱུ། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མེད་པ་བཟོ་རྒྱུ། ས་གནས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། ས་གནས་སྲིད་གཞུང་གིས་བཙུགས་པའི་དངུལ་རྩ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཆེད་དུ་འཁུར་རྒྱུ་ཡིན་པ་ལས། དངུལ་རྩ་ལས་དོན་ཅུས་དང་དངུལ་རྩ་གཞུང་ལས་ཁང་སོགས་པའི་སྒོ་བྱང་སྣོན་འགེལ་བྱ་རྒྱུ་མིན་པ། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དེ་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱ་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་ཡན་ལག་དངུལ་ཁང་གི་ལས་ཁུངས་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ། གཞུང་ཁོངས་དངུལ་རྩའི་མ་རྩ་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ། དངུལ་རྩ་དོ་དམ་ཚན་པའི་ལས་དོན་མི་སྣར་གཅིག་གྱུར་ཚད་ལྡན་སྒོ་ནས་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་གྲངས་གཞི་ཅུས་འཛུགས་རྒྱུ། ཞིང་ལས་དང་གྲོང་གསེབ་པུའི་འགན་ནུས་ལེགས་སུ་གཏོང་རྒྱུ། ཞིང་ལས་གྲོང་གསེབ་པུར་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་སྒོ་བྱང་སྣོན་འགེལ་བྱ་རྒྱུ། ཁེར་རྐྱང་དུ་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གྲོང་གསེབ་དར་རྒྱས་ཅུས་མེད་པ་བཟོ་རྒྱུ། རྒན་རྒོན་ལས་དོན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤེས་བྱའི་ཐོན་དབང་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཡིན་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ནང་གཙོ་བོ་གཤམ་གསལ་གྱི་ནང་དོན་ཚུད་ཡོད་པ་སྟེ། རྒྱལ་ཡོངས་སྲིད་གྲོས་ཀྱི་རིགས་ཁོངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུ། རྒྱལ་ཡོངས་སྲིད་གྲོས་ཀྱི་རིགས་ཁོངས་ལ་༼ཁོར་ཡུག་ཐོན་ཁུངས་རིགས་ཁོངས་༽སྣོན་རྒྱུ། ཀྲུང་གོའི་གུང་ཁྲན་རིང་ལུགས་ཀྱི་གུང་གཞོན་སྡེ་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རིགས་ཁོངས་ཟླ་བསྒྲིལ་བཏང་ནས་ཀྲུང་གོའི་གུང་ཁྲན་རིང་ལུགས་ཀྱི་གུང་གཞོན་སྡེ་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རིགས་ཁོངས་འཛུགས་རྒྱུ། དམིགས་བསལ་གདན་ཞུས་མི་སྣའི་རིགས་ཁོངས་ཨུ་ཡོན་གྱི་གྲུབ་ཚུལ་ལེགས་སུ་གཏོང་རྒྱུ་བཅས་ཡིན་པ་རེད།

ལས་ཁུངས་ཀྱི་སྒྲིག་ཁོངས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བའི་ནང་གཙོ་བོ་གཤམ་གསལ་གྱི་ནང་དོན་ཚུད་ཡོད་པ་སྟེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་ཁུ་བསྡུ་བྱ་རྒྱུ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་མི་སྣའི་སྒྲིག་ཁོངས་དེ་༥%ཡི་བསྡུར་ཚད་ལྟར་ཁུ་བསྡུ་བྱ་རྒྱུ་དང་། བསྡུ་ལེན་བྱས་པའི་སྒྲིག་ཁོངས་དེ་དག་གཙོ་བོ་ ཁྱབ་ཁོངས་གཙོ་བོ་དང་ལས་དོན་གལ་ཆེ་རིགས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤྱོད་རྒྱུ་བཅས་རེད།

༼ཇུས་གཞིའི་༽ནང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཀྲུང་དབྱང་གི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་རྩ་འཛུགས་ཀྱི་ལག་བསྟར་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་། ས་གནས་ཀྱི་ལས་ཁུངས་བསྒྱུར་བཅོས་བྱེད་པར་ཞིང་ཆེན་རིམ་པའི་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་དང་བསྒྱུར་བཅོས་ཀྱི་ཇུས་གཞི་ཏང་ཀྲུང་དབྱང་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ། ཀྲུང་དབྱང་རིམ་པའི་བསྒྱུར་བཅོས་བྱ་རྒྱུའི་ལས་འགན་དེ་སྤྱི་ལོ་༢༠༢༣ལོའི་ལོ་མཇུག་གོང་ལེགས་འགྲུབ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་པ་དང་། ས་གནས་རིམ་པའི་བསྒྱུར་བཅོས་བྱ་རྒྱུའི་ལས་འགན་དེ་སྤྱི་ལོ་༢༠༢༤ལོའི་ལོ་མཇུག་གོང་ལེགས་འགྲུབ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ནན་བཤད་བྱས་ཡོད།

  • ལེ་ཚན་སྔོན་མ།:མགོ་ཁྲིད་ལས་བྱེད་པར་གཏན་འགོག་བྱ་སྤྱོད་ཁག་8བཏོན་འདུག
  • ལེ་ཚན་རྗེས་མ།:གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་ལ་ཀྲུང་གོའི་ཇུས་གཞི་བཏོན་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10