འཆིང་གྲོལ། 2023-03-22
རང་དང་ཕ་ཡུལ་གཅིག་ནས་འཚར་ལོངས་བྱུང་བའི་བུ་མོ་གངས་དཀར་མཚོ། རང་གཉིས་ཕ་ཡུལ་གཅིག་ཡིན་ཡང་ང་ནི་ཁྱོད་དེ་ཙམ་གྱི་རྒྱུས་ལོན་མེད་མོད།རེད་དེ་འུ་གཉིས་ངོ་ཤེས་པའི་དུས་ཚོད་ནི་སྤྱི་ལོ་ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་དགུ་བར་དུ་མི་ལོ་དགུ་ཡུན་ཏེ་དེ་ག་རིང་དུ་འགོར་སོང་། དེའི་རིང་ཡུན་དུ་ང་ནི་གཉོམ་ཆུང་དང་ཁེར་རྐྱང་དུ་ལྷག་པའི་བུ་ཆུང་ཞིག་ཡིན། མོས་ང་རང་གཉོར་སྐྱོང་བྱས་པ་གྲངས་ཀྱི་མི་ལོངས་པ་ཞིག་རེད། ཏག་ཏག་ང་སློབ་གྲྭར་ཞུགས་འགོ་བརྩམས་པའི་ཉིན་ང་རང་རླངས་འཁོར་འབབ་ཚུགས་ཀྱི་ཁྱམས་སུ་ལངས་ནས་ད་སྔོན་སློབ་གྲོགས་ཞེས་འབོད་མ་མྱོང་བའི་སློབ་མ་དག་འཚང་ག་ཤིག་ཤིག་བྱེད་བཞིན་པའི་གསེབ་ནས་མོ་རང་གཞི་ནས་མཐོང་བྱུང་། མོས་ངའི་ཡིད་ལ་བརྗེད་ཐབས་མེད་པའི་གཏམ་རྒྱུད་ཅིག་སྦས་ཡོད། མ་ཟད་ང་མོར་བརྩེ་དུང་ཡོད་ངེས་ཀྱང་།མོའི་ཡིད་ནས་ང་རང་མི་ག་འདྲ་ཞིག་ཡིན་མིན་མི་ཤེས་མོད།ཡིན་ཡང་མོའི་མིག་ཟུང་ལས་ང་ལ་བརྩེ་དུང་ཡོད་པ་ངས་གསལ་བོར་རྟོགས་ཐུབ་བྱུང་། ཉིན་ཞིག་གི་མཚན་དཀྱིལ་དུ་ང་རང་ལ་གློ་བུར་དུ་འཆམ་པ་ཕོག་སྟེ་ཚ་བ་ལངས་ནས་སྐད་ཆེན་པོས་ངུས་པ་ཡིན། མོས་རང་གི་ལག་པ་གཉིས་ཀྱིས་ངའི་ཁ་འགེབ་བཞིན་མ་ངུ་དང་ཞེས་སྨན་བླུད་བྱུང་། དེ་རྗེས་ཅུང་འགོར་ཚེ་དགེ་རྒན་ཐོན་ཏེ་ང་ལ་མར་མི་ཉལ་ནས་ཅི་བྱེད་ཅེས་བཀའ་བཀྱོན་བྱུང་ཚེ་དེ་ལྟར་བྱེད་མཁན་ང་ཡིན་ཞེས་བཤད་ནས་ངའི་ཚབ་ཏུ་ཉེས་སྐྱོན་ངོས་ལེན་དང་ཉེས་ཆད་ཁུར་བ་རེད། མོས་ངའི་ཉེས་སྐྱོན་འགེབ་སྲུང་བྱེད་པའི་སྐབས་ཀྱི་རྣམ་འགྱུར་དེ་ངས་ནམ་ཡང་བརྗེད་མི་ཐུབ་པ་ཞིག་འདུག་པར་མ་ཟད་མོས་ང་རང་ནམ་ཡང་སེམས་འགུལ་ཐེབས་སུ་བཅུག་མྱོང་། སློབ་གྲྭའི་དམའ་འབྲིང་གི་ཐད་ཞུགས་སློབ་མར་རྒྱུགས་སྤྲོད་སྐབས་མོས་ཐོག་མར་བྲིས་པའི་རྩོམ་དེ་ང་གསོད་ཆེད་ཅེས་པ་དེ་རེད། རྩོམ་འདིའི་བརྗོད་བྱ་གཙོ་ཤས་ནི་ངེད་གཉིས་ཀྱི་ལོ་རྒྱུས་ལྷུག་རྩོམ་བྱས་ཏེ་ཁ་སྐད་ཀྱི་སྒོ་ནས་ཤར་མར་བྲིས་པ་ཞིག་རེད་འདུག་མོད། རྩོམ་འདིས་དགེ་རྒན་དག་སེམས་འགུལ་ཐེབས་སུ་བཅུག་ནས་སློབ་གྲྭ་ཡོངས་ཀྱི་རྩོམ་རྩལ་ཚད་མཐོ་ཤོས་སུ་བཞག་པ་རེད། ངེད་གཉིས་ཀྱི་བརྩེ་དུང་དེ་ཤེས་མེད་ཚོར་མེད་ཀྱི་ངང་ནས་བྱུང་བ་ཞིག་གཞི་ནས་མིན་པར། ཧ་ལས་ཧང་སངས་བྱེད་པའི་གཏམ་རྒྱུད་དང་འབྲེལ་ནས་བྱུང་བ་ཞིག་ཡིན། སྤྱི་ལོ་གཉིས་སྟོང་བཅོ་བརྒྱད་ལོར་ངས་མོར་ཕུལ་བའི་རྩོམ་ཡིག་ཅིག་གི་བརྗོད་དོན་ལས་ངའི་མཁའ་དབྱིངས་སུ་འཕུར་བའི་སྤྲིན་དཀར་དེ་ཁྱེད་ཀྱི་འཛུམ་ཆུང་ཡིན་ཞིང་ས་ལ་འབབ་པའི་གཙང་པོ་འདི་ནི་ཁྱེད་ཀྱི་སྤྱན་ཆབ་རང་རེད། མ་ཟད་རྨི་ལམ་ནང་གི་མེ་ཏོག་དེ་ནི་ཁྱེད་ཀྱི་ཞབས་རྗེས་ཡིན་ཞིང་སྙན་ངག་ཁྲོད་ཀྱི་བརྗོད་བྱ་དེ་ཡང་ཁྱེད་ཀྱི་ལང་ཚོ་རེད་ཅེས་བཤད་པ་མོས་ཐོས་འཕྲལ་རབ་ཏུ་དགའ་ནས་ང་ལ་སྐེ་འཇུ་ཞིག་བྱས་བྱུང་། ང་ལ་སྐེ་འཇུ་བྱས་པ་ནས་བཟུང་ངས་ཡོད་ཚད་ཁྱོད་ལ་བསྟིམས་ཚར། འདི་འདྲའི་སྙིང་ཉེ་བའི་བུ་མོ་གངས་དཀར་མཚོ། ངས་ཁྱོད་ངོ་ཤེས་སུ་གྱུར་པ་ནི་བདག་གི་ཆེས་བླ་མེད་ཀྱི་བསོད་ནམས་ཡིན་པར་མ་ཟད་ཁྱོད་ཀྱིས་ང་ལ་གནང་བའི་བརྩེ་བ་དང་སྐུལ་འདེད་ནི་བདག་གི་ཆེས་ཆེ་བའི་རྙེད་པ་ཡིན། ཉིན་ཞིག་མཚན་མོ་ཟླ་བ་ཉ་གང་བ་ཞིག་ལ། མོས་ང་ལ་ནམ་མཁའ་ན་སྐར་མའི་གྲངས་ཀ་ག་ཚོད་ཡོད་ཟེར། ཁྱོས་གྲངས་ཀ་རྩི་ཨེ་མྱོང་གལ་ཏེ་ཁྱོད་ཀྱིས་རྩི་འདོད་ན་མ་མཐའ་ཡང་ལོ་དྲུག་སྟོང་འགོར་རྗེས་ད་གཟོད་དགུ་ཚིགས་ཁྱིམ་རྒྱུད་ཀྱི་སྐར་མ་དག་བརྩིས་ཚར་རེད་ཟེར། ཟླ་བའི་གོ་ལའི་སྟེང་འུ་ཚོ་དང་འདྲ་བའི་འཇིག་རྟེན་པའི་ཁྱིམ་རྒྱུད་ཀྱང་ཡོད་རྒྱུ་རེད་ཅེས་བཤད་མཐར། ངས་དེ་མ་ཐག་ལན་གསལ་བོ་མ་ཤེས་མོད།འོན་ཀྱང་ཚན་རིག་ལས་བཤད་པ་ལྟར་ན་ཡོད་རེད་ཅེས་བཤད་པ་ཡིན། འོ་ན་དེ་དག་ལ་འུ་ཚོ་བརྩེ་དུང་འདི་འདྲ་བ་ཡོད་ཆོག་རྒྱུ་རེད་ཅེས་མོའི་མགོ་བོ་ངའི་དཔུང་མགོ་དང་སྐེ་མཇིང་བར་དུ་བཞག་ནས་ཡང་ཡང་ལྟ་བའི་ཚུལ་ད་དུང་ངའི་མིག་ལམ་དུ་འཆར་ཡོང་གིན་འདུག། སྤྱི་ལོ་གཉིས་སྟོང་ཉི་ཤུའི་ལོར་ང་ཕ་མའི་རེ་འདོད་ལྟར་རྒྱལ་ས་པེ་ཅིང་དུ་སློབ་གྲྭར་སོང་བ་ཡིན།
མོ་ངེད་གཉིས་དེ་ནས་བཟུང་ཁ་བྲལ། འོ་རེད་ཡཱ། ཕྱིས་སུ་ངེད་ཀྱི་ཁྱིམ་ཚང་པེ་ཅིང་དུ་གཞིས་ཆགས་ཤིང་དེར་བསྡད་པ་ཡིན། ང་ཐོག་མར་པེ་ཅིང་ལ་ཡོང་སྐབས་མོ་ང་ལ་སྐྱེལ་མ་བྱེད་དུ་འོང་ཐལ། འོན་ཀྱང་མོས་བདེ་མོ་ཞེས་བཤད་རྗེས་ཁ་ཕྱིར་ལ་ཐེངས་གཅིག་མི་འཁོར་བར་བུད་ཐལ། ཡང་གཅིག་བཤད་ན་མོའི་སེམས་སྡུག་བྱེད་བཞིན་པ་ང་ལ་ལྟ་རུ་འཇུག་མ་འདོད་པ་ཡིན་ཡང་སྲིད། དོན་ངོ་མ་མོས་ང་ལ་བརྩེ་དུང་ཅི་འདྲ་ཞིག་ཡོད་པ་ཤེས་སུ་བཅུག་མྱོང་། དོན་ངོ་མའི་བརྩེ་དུང་དེ་ནི་མི་ཞིག་མི་གཞན་ལ་དགའ་ན་མི་དེ་ལ་རང་དབང་སྦྱིན་པ་དེ་རེད། མོས་ཀྱང་ང་ལ་རང་དབང་སྤྱིན་པ་རེད། ཕྱིས་སུ་ངས་མོར་ལག་ཁྱེར་ཁ་པར་ལས་འབྲེལ་བ་བྱེད་ཚེ་སྐབས་སྐབས་སུ་འབྲེལ་བ་བྱེད་ཐུབ་པ་བྱུང་། ཕྱིས་སུ་ངས་ཕ་མ་ལ་རེ་བ་བཏོན་ཏེ་ངས་མོ་ཆུང་མར་བླང་རྒྱུ་ཡིན་ཞེས་བཤད་མཐར། ཕ་མ་གཉིས་ཀྱང་དགའ་ནས། གཅེས་ཕྲུག། མོ་ནི་སེམས་རྒྱུད་ལེགས་ཤིང་ཆུང་དུས་ཁྱེད་གཉིས་མཉམ་དུ་སློབ་གྲྭ་གཅིག་ནས་འོང་བར་མ་ཟད་རང་ཅག་ཕ་ཡུལ་དང་སྡེ་པའང་གཅིག་ནས་རེད་ཅེས་བཤད་བྱུང་། དེ་རྗེས་སུ་ཕ་མ་གཉིས་ཀྱིས་མོའི་ཕ་མ་གཉིས་ལ་འབྲེལ་བ་བྱས་ནས་གཉེན་སློང་བ་རེད། འོན་ཀྱང་མོའི་ཕ་མ་གཉིས་གཏན་ནས་མ་འཐད་པར་གྱུར། དེ་ནས་ཉིན་འགའ་སོང་རྗེས་མོས་ཀྱང་ང་ལ་འཕྲིན་ཐུང་ཞིག་ཐོན་འདུག། འཕྲིན་ཐུང་ལས་གཉེན་སྟོན་ནི་འུ་གཉིས་གཅིག་པུའི་དོན་དག་ཁོ་ན་མིན་པར། ཁྱིམ་ཚང་ཡབ་མེས་སོགས་ཡོད་ཚད་ལ་འབྲེལ་བ་ཡོད་པས་གལ་ཏེ་འུ་གཉིས་ཀྱིས་གཞན་ལ་གནོད་པ་བཏང་ཚེ། འུ་གཉིས་ལ་བདེ་སྐྱིད་ཡོད་མ་རེད། ད་ཁྱོས་ང་ལ་འབྲེལ་གཏུག་མ་བྱེད། ཁྱོད་ཁོང་ཁྲོ་མ་ལངས་ཞེས་བཤད་འདུག། དེ་ནས་བཟུང་ངའི་རེ་ཐག་ཆད་ཐལ། དེ་རྗེས་ངས་ཀྱང་མོར་འབྲེལ་གཏུག་བྱེད་མ་མྱོང་། ཕྱིས་སུ་ངས་གོ་ཐོས་ལྟར་ན་མོ་གཞན་དུ་སློབ་གཉེར་ལ་ཆས་སོང་ཞིང་། ཕྱིས་སུ་དེར་གཞིས་ཆགས་ཏེ་གཉེན་བསྒྲིགས་ཤིང་ཕྲུ་གུའང་སྐྱེས་འདུག་ཅེས་ཤོད་ཀྱིན་འདུག། དེ་དག་གོ་ཐོས་བྱུང་རྗེས། ངས་མཚན་མོ་རེ་རེ་དང་ཉིན་མོ་རེ་རེ་ལ། གློག་ཀླད་ཀྱི་སྒོ་ཕྱེས་ནས་ཡུན་རིང་ལ་གློག་བརྙན་ལས་བརྩེ་དུང་གི་ལས་སྐལ་ལྡོག་སྟེ་མཇུག་འབྲས་མི་ལེགས་པ་རེར་བལྟས་རྗེས་སུ། ད་དུང་སེམས་རབ་ཏུ་སྨྲེང་ནས་མིག་ཆུ་རྡོག་པོ་འགའ་ཤེས་མེད་ཚོར་མེད་ངང་འགྲམ་ངོས་སུ་ཐོར་ནས་ཡོང་། ད་དུང་སྐབས་སྐབས་དེ་ཕྱིར་དྲན་བྱུང་ཚེ། ཚ་ཐབ་ཀྱི་ཉལ་སའི་ནང་ནས་ངའི་བྲང་སྟོད་ལྷག་ཏུ་ན་འོང་ལ་ངའི་ཞེ་སེམས་ལྷག་ཏུ་སྨྲེང་འོང་། གངས་དཀར་མཚོ། དྲང་མོར་བཤད་ན་ཁྱོད་ཀྱིས་ད་དུང་ང་ལ་དགའ་ཟེར་ན་ངས་ཀྱང་དྲང་མོ་བཤད་ན་ངས་ཀྱང་ཁྱོད་བསྒུགས་ནས་བསྡད་ཡོད་ཟེར་ངེས། བདེ་མོ་གྱིས་སྙིང་ཉེ་བའི་མི་ལགས།མ་མཇལ་བར་བདེ་མོ་གྱིས།
རྩོམ་གསར། 10