འབྲོག་ལས་དམངས་སྲོལ།

གཅན་ཚ་བཀྲ་བྷོས་བརྩམས།        2022-03-11

འབྲོག་ལས་དམངས་སྲོལ།

 འབྲོག་ལས་རིག་གནས་ཀྱི་ནང་དོན་ལ་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་འདི་ནས་གཙོ་བོ་སྤྱིའི་ཆ་དང་མཚོན་དོན་གྱི་ཆ་དག་ཅུང་ངོ་སྤྲད་རྗེས།བྱེ་བྲག་གི་ནང་དོན་རྣམས་རང་རང་གིས་འཚོ་བ་དངོས་ནས་ཤེས་རྟོགས་བྱ་རྒྱུའི་རེ་བ་བཏོན་པ་ཡིན། གཞན་འབྲོག་ལས་དམངས་སྲོལ་གྱི་སྐབས་འདི་ནས་ལོ་རྒྱུས་རིག་གནས་དང་འབྲེལ་བའི་ཐོག་མའི་ཁུངས་དང་། གནའ་ཤུལ་གནའ་རྫས། རི་དྭགས་འདུལ་སྦྱོང་གི་དུས་དང་ཐབས་ཤེས།དེ་དག་ཀྱང་ཁྱིམ་མཚེས་མི་རིགས་ཁག་ལ་གཤིབ་བསྡུར་གྱིས་དཔྱད་འཇོག་བྱ་རྒྱུ་སོགས་མ་ཡིན་པར་གཙོ་ད་ལྟའི་དངོས་ཡོད་དང་། དངོས་ཡོད་གྲས་ཀྱི་རིག་གནས་ཀྱི་ནང་དོན་གཏིང་ཟབ་ཅིང་། མི་རིགས་ཀྱི་ཁྱད་ཆོས་མངོན་པར་མཚོན་ལ་མིའི་རིགས་དང་དུས་རབས་ཀྱི་དགོས་མཁོའི་ནུས་པ་གསལ་པའི་རིག་གནས་ཀྱི་ཆ་དག་འཛིན་ཅི་ཐུབ་ཀྱིས་ངོ་སྤྲོད་བྱ་རྒྱུ།

ང་ཚོས་ཐོག་མར་ཤེས་དགོས་པ་ནི་འབྲོག་པའི་རིག་གནས་ཟེར་ན།དེའི་ཟས་གོས་སྡོད་གསུམ་དང་།སྒོ་ཕྱུགས་འཚོ་སྐྱོང་། ཐོན་སྐྱེད་ཡོ་བྱད། དེ་ལ་འདུ་བའི་ཕྱུགས་ཟོག་གི་རྒྱུད་དང་གཟུགས་གཞི། ན་སོ་བརྟག་ཚུལ། མཚེར་ས་དང་རྩྭ་ཆུ་འདེམས་ཚུལ། འཁེལ་ཐགས་དང་པགས་རིགས་མཉེན་བཟོ། དཀར་ལས་དམར་ལས་དང་། དེ་དོ་དམ་བྱེད་སྟངས། ད་དུང་ཕྱི་སྡེ་ཚོ་དང་། ཤོག་གའི་ཁ་གོང་འཛིན་སྟངས། ནང་ཁྱིམ་སྲིད་བཟའ་མིའི་མགོ་འདོན་བྱེད་སྟངས།ཆོས་ལུགས་དང་སྒྱུ་རྩལ། རོལ་རྩེད་ལ་སོགས་པ་འཚོ་བའི་རིགས་གནས་ཡོད་ཚད་ལ་ཕྱོགས་ཀུན་ནས་ངོས་འཛིན་ཅུང་ལེགས་པོ་ཞིག་དགོས་སོ།།

གཅིག། འབྲོག་པའི་མགོ་སྦྲ།

སྦྲ་ནི་འབྲོག་པའི་སྡོད་ཁང་སྟེ།སྦྲ་ནག་གླིང་བཞི་དང་གླིང་གསུམ།གླིང་གཉིས་སོགས་ཡོད་ལ།སྦྲ་བཟོ་བྱེད་ཀྱི་རྒྱུ་ནི་ནོར་རྩིད་ལས་བཏགས་པའི་རེ་ལྡེ་ཡིན།སྦྲ་ནག་གླིང་བཞིའི་བཟོ་དབྱིབས་ནི་རུས་སྦལ་ནག་པོ་ས་ལ་བགྲད་པ་ལྟར་གླིང་བཞིར་ཡོད་པས་ཁོག་ཆེ་ལ་མཐོངས་ཡངས་པ་དང་། དབྱར་བསིལ་ལ་དགུན་དྲོ་བ།རླུང་ཁར་བརྟན་ཅིང་དུད་དྲེག་གིས་མི་ནོག་པ།རུ་སྤོ་སྐྱས་དུས་སུ་འཁྱེར་བདེ་ཕུབ་བདེ་སོགས་ཀྱི་ཁྱད་ཆོས་ལྡན་པས་ཡོད་ཡུལ་སྟོད་སྨད་བར་གསུམ་གྱི་འབྲོག་སྡེའི་མཚོན་རྟགས་ཤིག་ཡིན།

སྤྱིར་བཏང་སྦྲ་ནག་གི་གྲུབ་ཆ་དང་དེའི་མཚོན་དོན་ནི།གེ་སར་སྒྲུང་ལས། སྐྱིད་ཀྱི་གཡུ་སྦྲ་གོང་དགུ་ཡོད།། ཕོ་ལོང་ཐམས་ཅད་གསེར་ལོང་རེད།།མོ་ལོང་ཐམས་ཅད་དངུལ་ལོང་རེད།།ཆ་རུ་ཐམས་ཅད་དུང་སྒྲོག་རེད།།ངོ་ཐིག་ཐམས་ཅད་མུ་ཏིག་རེད།།རིན་པོ་ཆེ་ཡི་དོ་ཆ་ཡོད།།མོང་ནག་གོས་ཀྱི་དོ་ཕྱར་ཡོད།།གླིང་ཕ་ཆོས་དུམ་པ་བཅུ་གཉིས་ཡོད།།གསེར་སེར་པོའི་ཐར་མདོ་དགུ་བརྒྱ་ཡོད།།དངུལ་དཀར་པོའི་མ་ཎི་བཀའ་འབུམ་ཡོད།།བྱུ་རུའི་ཚེ་དཔག་མེད་མགོན་ཡོད།།གཡུ་ཡི་སྒྲོལ་མ་རང་བྱོན་ཡོད།།ཕུགས་ཆོན་དབུས་གཙང་ཡུལ་ལ་འཐེན།།དཀྱིལ་ཆོན་སྐུ་རྒྱལ་བོད་ལ་འཐེན།།སྒོ་ཆོན་རྒྱ་ནག་ཡུལ་ལ་འཐེན།།ཞེས་དང་།ཁ་རྒྱུན་དུའང་མཐིང་སྨུག་སྦྲ་ཡི་ཚིགས་གསུམ་པོ།།སྲིད་པ་གསུམ་གྱི་མཚོན་དོན་ཡིན།།ཁ་འཚུབ་དཀར་པོར་ཡོད་པ་དེས།།སྟེང་ཕྱོགས་ལྷ་ཡུལ་དཀར་པ་མཚོན།།ཞབས་འདབས་སྔོན་པོར་ཡོད་པ་དེས།།འོག་ཕྱོགས་ཀླུ་ཡུལ་སྔོ་པ་མཚོན།།རྒྱུན་ཐག་སྐ་རགས་ཁ་རྒྱུག་གསུམ།།དཀོན་མཆོག་གསུམ་གྱི་མཚོན་དོན་ཡིན།།སྦྲ་རྒན་ཆོན་ཐག་བཅུ་བོ་དེས།།ལྷ་ཆོས་དགེ་བ་བཅུ་བོ་མཚོན།།ཕྱི་ནང་ཀ་ར་བཅུ་གསུམ་གྱིས།།དགྲ་ལྷ་ཝེར་མ་བཅུ་གསུམ་མཚོན།།གྲུ་བཞིའི་ལྷ་སྒོ་བཞི་པོ་ཡིས།།སྲིད་པའི་རླུང་རྟ་སྡེ་བཞི་མཚོན།།གྲུ་བཞིའི་སྲུབ་དང་སྒོ་སྲུབ་ཀྱིས།།འབྱུང་བ་ལྔ་བོའི་གྲངས་ཀ་མཚོན།།ཀླད་ཀྱི་ངོས་གཉིས་མེ་ལོང་གིས།།ནམ་མཁའི་ཉི་ཟླ་གཉིས་ཀ་མཚོན།།གྲུ་ཁ་རིང་ཐུང་བརྒྱད་པོ་ཡིས།།ལོ་རེས་སྤར་ཁ་བརྒྱད་པོ་མཚོན།།ས་འདོགས་ཐ་གུ་དགུ་པོ་ཡིས།།སྨེ་བ་དཀར་ནག་དགུ་བོ་མཚོན།།ཁ་ཐིག་ངོ་ཐུག་བཅུ་གཉིས་ཀྱིས།།ལོ་སྐོར་ཟླ་བ་བཅུ་གཉིས་མཚོན།།ཕུར་བ་ཉི་ཤུ་རྩ་བདུན་གྱིས།།རྒྱུ་སྐར་ཉི་ཤུ་རྩ་བདུན་མཚོན།།ཕོ་ལོང་མོ་ལོང་སུམ་བཅུ་ཡིས།།ཉིན་ཞག་སུམ་ཅུ་ཐམ་པ་མཚོན།།ཞེས་པ་ལྟ་བུ་ལས་སྦྲ་ནག་གི་སྤྱིའི་གྲུབ་ཚུལ་རོབ་ཙམ་ཤེས་ཐུབ་པ་དང་།གོང་དགུ་དང་ཕོ་ལོང་མོ་ལོང་སུམ་ཅུ།ཆོན་ཐག་བཅུ།ཀ་ར་བཅུ་གསུམ།གྲུ་ཁ་རིང་ཐུང་བརྒྱད།ལྷ་སྒོ་བཞི།ས་འདོགས་ཐ་གུ་དགུ།ཁ་ཐིག་ངོ་ཐུག་བཅུ་གཉིས།ཕུར་བ་ཉི་ཤུ་རྩ་བདུན།མེ་ལོང་གཉིས།སྲུབ་དང་སྒོ་སྲུབ།ཁ་འཚུབ།ཞབས་འདབས།རྒྱུན་ཐག།སྐ་རགས།ཁ་རྒྱུག།ཆ་རུ།ངོ་ཐིག། ཕུགས་ཆོན།དཀྱིལ་ཆོན།སྒོ་ཆོན་སོགས་ལས་སྦྲའི་བྱེ་བྲག་གི་གྲུབ་ཆ་དང་ཚད་གཞི་ཡང་རྟོགས་ཐུབ།

སྤྱིར་ན་སྦྲའི་གྲུབ་སྟངས་ཕྱེད་གཉིས་སུ་ཡོད་པ་དེ་སྦྲའི་ཁ་འཚུབ་ཀྱི་ཕོ་སྦྲའི་ཕྱོགས་སུ་ཕོ་ལོང་ཞེས་པའི་ཆ་རུ་དང་།མོ་སྦྲའི་ཕྱོགས་སུ་མོ་ལོང་ཞེས་པའི་ཐིག་གུའི་ཨ་ལོང་བཏགས་ནས་གཞི་གཅིག་ཏུ་སྒྲོག་པ་ལས་ཕུང་བོ་གཅིག་ཏུ་བྱས་ཏེ་སྦལ་གཟུགས་སུ་གྲུབ་པར་བྱས་ཡོད་ལ།སྦྲའི་ནང་དཀྱིལ་དུ་སྒྱེད་པུ་སུམ་ཐབ་ཡོད།ཐབ་ཀའི་གཡས་ཕྱོགས་ལ་ཡར་སྒྱེད་དང་གཡོན་ཕྱོགས་ལ་མར་སྒྱེད་ཟེར།ཡར་སྒྱེད་མར་སྒྱེད་ལ་ཕོ་ཁྱིམ་དང་མོ་ཁྱིམ་དུ་འབོད་པའང་ཡོད།མར་སྒྱེད་ཕྱོགས་སུ་བུད་མེད་རྣམས་ཀྱིས་མར་ཕྱུར་འོ་ཞོ་དང་ཟས་རིགས་གཡོ་སྐོལ་གྱི་ཁྱིམ་ལས་གཉེར་བ་དང་།ཕུགས་ཆོན་དུ་འབྲུ་རིགས་ཀྱི་དོ་ཆ་དང་སྐུ་གསུང་ཐུགས་རྟེན་གྱི་མཆོད་ཁྲི་བཤམས།ཡར་སྒྱེད་དུ་ཕོ་དང་མགྲོན་པོ་གལ་ཆེན་རྣམས་སྡོད།སྒོ་ཆོན་དུ་ཕོ་རྣམས་ཀྱིས་པགས་མཉེན་སོགས་ཀྱི་ལས་ཀ་བྱེད།

སྦྲ་ནག་སྤྱིའི་གཟུགས་ནི་གོང་དུའང་བཤད་ཟིན་ལྟར་ས་དགྲའི་མཉེན་པོ་རུས་སྦལ་གྱི་དབྱིབས་དང་།སྦྲའི་སྒོ་འཕྱར་དཀར་པོ་ཁྱུང་གི་མཚོན་དོན་ཅན་ཀླུ་གཉན་བཙན་རྒོད་སོགས་ཀྱི་གནོད་པ་འགོག་པའི་བཤད་ཚུལ་ཡང་གྲགས་ཆེ།སྦྲའི་ཆ་ཤས་རེ་རེའི་ལའང་མཚོན་དོན་གྱི་བཤད་རྒྱུན་འདི་འདྲ་ཕུན་སུམ་ཚོགས་པ་ཡོད་པའང་ཤེས་དགོས་སོ།།

གཉིས་པ།འབྲོག་པའི་མཚེར་ས།

འབྲོག་པ་རྣམས་མགོ་ནག་བརྟེན་ས་སྤུ་ནག།སྤུ་ནག་བརྟེན་ས་རྩྭ་ནག་ཅེས་པ་ལྟར།དབྱར་དགུན་སྟོན་དཔྱིད་དུས་ཚིགས་སོ་སོར་རྩྭ་ཆུ་གང་བཟང་བསྙེགས་ནས་རུ་སྤོར་ལ།རུ་འབབ་ས་དེར་མཚེར་ས་ཟེར།མཚེར་ས་ལ་ཁྱིམ་ཚང་སྒེར་གྱི་མཚེར་ས་དང་རུ་སྐོར་གྱི་མཚེར་ས།རུ་སྡེའི་མཚེར་སའང་ཡོད།ཡང་དུས་ཚིགས་ལྟར་དབྱར་མཚེར་དང་།སྟོན་མཚེར།དགུན་མཚེར་བཅས་སུ་ཕྱེ་ཞིང་དཔྱིད་མཚེར་ནི་སྤྱིར་བཏང་དགུན་མཚེར་དང་གཅིག་ཏུ་བྱེད་པའམ་ཡང་ན་དགུན་མཚེར་དང་ཁ་ཐག་ཉེ་སར་བྱེད།སྒོ་ཕྱུགས་ཀྱི་སྐྱེ་འཕེལ་དང་ནམ་ཟླའི་དྲོ་གྲང་གི་དབང་གིས་དགུན་མཚེར་ཤིན་ཏུ་གལ་ཆེན་པོར་བྱེད་ཅིང་།ཁྱིམ་ཚང་སོ་སོར་གཏན་འཇགས་ཀྱི་སྒེར་མཚེར་ཡང་ཡོད་དེ།སྤང་ཐང་གི་ཁུག་གཞོང་དང་།རིའི་འདབས།ལུང་མདོ་ཉིན་ཁུག་སོགས་ཁ་བ་བུ་ཡུག་དང་སྤྱང་ཇག་གི་གནོད་པ་ཅུང་ཆུང་པའི་གནས་སུ་སྡོད། དེ་མིན་དབྱར་དང་སྟོན་གྱི་མཚེར་ས་ནི་རུ་ཤོག་དང་རུ་སྐོར་ཆེ་ཆུང་མཉམ་དུ་བྱས་ཏེ་རྫ་མགོ་མཐོ་སའི་རི་ངོས་དང་སྤང་ཐང་སོགས་རྩྭ་ཆུ་གང་བཟང་གི་སར་སྡོད་ཅིང་།རུ་སྡེའི་ས་མཚམས་ཆུ་མཚམས་ལྟར་བྱེད་པ་ལས་སྒེར་བའི་རྩྭ་ས་གཅོད་སྲོལ་མེད།

དེ་ཡང་ས་ཆུ་དྲོས་ཤིང་སྔོ་འབུས་ནས་ནོར་ལུག་ལོར་བུད་པ་ན་བལ་རྩིད་འབྲེག་ཅིང་ལྔ་བའི་བ་བཞོའི་དུས་སྟོན་བསུ། དེ་ནས་རུ་སྐོར་གྱི་སྐྱེས་པ་རྣམས་དབྱར་སར་མཚེར་བལྟར་འགྲོ་ཞིང་།མཚེར་ས་བགོ་བའི་རུ་ཇུས་བྱེད། དེའི་མུར་རུ་སྤོར་བའི་སྟ་གོན་གྱི་ལས་རྣམས་བྱེད་དེ།ཁལ་གཡག་དང་བཞོན་རྟ།སྒ་ཆས་གྲ་སྒྲིག་དང་།

རུ་བྲོ་ལམ་རྒྱགས་བསྒྲིགས་པ།ཅ་ལག་དོ་བོ་བསྡུ་གསོག།སྔ་དབོར་ཕྱི་དབོར་གྱི་བཀོད་སྒྲིག། བར་ཞག་སྡོད་གནས་ཀྱི་གཏན་འཁེལ་གྱི་ལས་རྣམས་ཚགས་སུ་ཆུད་པར་བྱེད།

དེ་ལྟར་རུ་སྤོར་པ་ནི་དཀའ་ཚེགས་ཆེ་བའི་ལས་ཀ་ཅུང་དཀའ་ཚེགས་ཅན་ཞིག་ཡིན་ལ།ལྷག་ཏུ་དབྱར་མཚེར་ལ་བབས་རྗེས་ཤེ་གསོག་གི་ལས་ཀ་གཙོ་བོར་བྱ་དགོས་པས་བྲེལ་ཟིང་ཤིན་ཏུ་ཆེ་སྟེ།ནོར་ཁྱུ་ལས་བཞོན་མ་དང་བེའུ། ཡ་རུ་རྣམས་བཀར་ཏེ་འཚོ་སྐྱོང་བྱེད་པ་དང་ནངས་དགོང་དང་ཉིན་གུང་ཐེངས་གསུམ་མམ་ཐེངས་གཉིས་ལ་བཞོན་བཞོ།ད་རུང་ཕྱུགས་ཟོག་ལ་ཚྭ་སྟེར་བ་སོགས་ཀྱི་ལས་ཀ་ཧ་ཅང་མང་ངོ་།།དེ་ནས་སྟོན་མཚེར་ལ་བབས་རྗེས་སྦྲའི་རེ་ལྡེ་རྙིང་པ་རེ་བརྗེས་ནས་སྦྲ་གསོ་སྦྲ་སྟོན་བྱེད་སྲོལ་ཡོད་ལ།པགས་མཉེན་ཐ་གུ་བརྒྱུ་བ་སོགས་ཀྱི་ལས་རྣམས་ཀྱང་སྟོན་ཁར་བྱེད།བལ་སྟོན་དང་སྦྲ་སྟོན་ནི་འབྲོག་ལས་ཀྱི་དུས་སྟོན་གལ་ཆེན་དུ་བརྩི་ཞིང་།དུས་ཚིགས་དང་བྱེད་སྒོའི་རྒྱ་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད།

གསུམ།རྟ་ནོར་ལུག་གསུམ་གྱི་ལོ་གྲངས་རྩི་ཚུལ།

༡.རྟའི་ལོ་གྲངས་རྩི་ཚུལ།

དེ་ཡང་ལོ་གཅིག་ནས་དགུའི་བར་དུ། རྟེའུ། ཐོ་རུ། ཉིས་ལངས། ཕོག་བཞི། གཅིག་ག། ན་སོ་གཅིག་པ།ན་སོ་གཉིས་པ།ན་སོ་གསུམ་པ།ན་སོ་བཞི་པ།ཞེས་དང་། ལོ་བཅུ་ནས་བཅུ་གསུམ་བར་རྒྱ་ཁའི་རི་མོ་ནས་དང་འདྲ་ཞེས་རྒྱ་ཁ་རྩི་གཞི་བྱས་ཏེ། དེའི་རི་མོ་གསལ་མིན་དང་དག་མིན་ལ་བརྟག། ལོ་བཅུ་བཞི་དང་བཅོ་ལྔའི་དུས་ནས་མས་བཞི་མས་མཐའ་རྩིས་གཞི་བྱས་ཏེ་ལོ་བརྩིས་ལ་དེ་ནི་རྟའི་ལོ་མཆོག་ཡིན། དེ་ནས་ཐད་ཀར་ལོ་རྩིས་བ་ལས་བརྡ་ཆད་མེད།

༢.ནོར་གྱི་ལོ་གྲངས་རྩི་ཚུལ།

དེ་ནི་ལོ་གཅིག་ནས་བདུན་གྱི་བར་དུ། བེའུ། རྔ་ཀྱུས་ཡ་རུ་དང་ཡར་མོ། ཉིས་ཀྱུས།ཡ་རུ་སོ་གཉིས་དང་ཐུལ་མ་སོ་གཉིས།ཡ་རུ་སོ་བཞི་དང་ཐུལ་མ་སོ་བཞི། གཡག་སོ་དྲུག་དང་འབྲི་སོ་དྲུག། གཡག་ཁ་གང་དང་འབྲི་ཁ་གང་། ལོ་བརྒྱད་ནས་ལོ་རྩི་ཚུལ་མེད་པར་ཁ་གང་ནས་ལོ་གཅིག་ལོ་གཉིས་ལོ་གསུམ་ཞེས་བརྩི།ནོར་ནག་གི་རྭ་རིས་ལྟར་ན།ལོ་བདུན་ནས་དགུའི་བར་དུ་གྲུས་གཅིག་གྲུས་གཉིས་གྲུས་གསུམ་ཞེས་བྱའོ།།

༣.ལུག་གི་ལོ་གྲངས་རྩི་ཚུལ།

དེ་ནི་ལོ་གཅིག་ནས་ལོ་དྲུག་གི་བར་དུ། ལུ་གུ། ལ་ག་དང་ལ་མོ།ཐོང་ང་སོ་གཉིས་དང་འཚེར་མོ།ཐོང་ང་སོ་བཞི་དང་མ་མོ་སོ་བཞི། ཐོང་ང་སོ་དྲུག་དང་མ་མོ་སོ་དྲུག།ཤ་གཟན་དང་མ་མོ།ལོ་བདུན་ནས་བཟུང་ཁ་གང་ནས་ལོ་གཅིག་ལོ་གཉིས་ཞེས་བརྩི་བའོ།།


  • ལེ་ཚན་སྔོན་མ།:ཡུལ་གེ་མང་གི་དམངས་ཁྲོད་བྲོ་ཚིག་སྙན་པའི་གསོལ་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།