ལྷ་ཁང་གི་གྲུ་ག།

བཀྲ་ཤིས་སྟོབས་རྒྱལ།        2022-03-11

ས་སྲོས་ཀྱི་ཡོལ་བ་ནག་པོས་ལྷིང་འཇགས་ཀྱི་ཀློང་དུ་ཁུ་སིམ་མེར་གནས་པའི་ཆོས་ནག་ལུང་པ་དལ་གྱིས་བཀབ་པའི་དུས་མཚུངས་སུ་བློ་གསལ་བཤད་གྲྭའི་སྟར་ལ་སྒྲིག་པའི་གྲྭ་ཤག་གི་མིག་ཏུ་གྱུར་པའི་སྒེའུ་ཁུང་རེ་རེའི་ནང་ནས་གློག་འོད་ཆུང་ངུ་རེ་གཅིག་རྗེས་གཉིས་མཐུད་དུ་གསལ་ལམ་མེར་འཕྲོས།

མུན་པ་གཞི་ནས་ས་རུ་བབས་པའི་སྐབས་འདི་ནི་གྲྭ་པ་རྣམས་ཀྱིས་དུས་ཚོད་གཅིག་གི་རིང་ལ་ཐུན་གཏོང་བར་ཁེལ་ཡོད་ཀྱང་། གཟིམ་ཤག་གི་ཕུགས་ན་རབ་རིབ་ཏུ་མངོན་པའི་གློག་འོད་ཆུང་ངུའི་ཞབས་སུ་ཆོས་དབྱིངས་སེང་གེས་ལོ་གསུམ་གྱི་ཡར་སྔོན་དུ་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དམར་རྗེན་དུ་ཕབ་སའི་ཕྱི་ཤོག་རྙིང་ནས་ཚོས་མདོག་གྱུར་པའི་ཉིན་ཐོ་འབྲི་དེབ་ཅིག་གི་ཁ་སུམ་ཆ་གཅིག་ཙམ་ཕྱེས་ནས་ཐད་ཀར་ཤོག་ངོས་སུ་ཅེར་འདུག ཁོས་བསྟུད་མར་ཉིན་ཐོ་གསུམ་ལ་བལྟས་པ་ལས་ཉིན་ཐོ་དང་པོ་ནི་སྣག་ཚ་སྔོན་པོ་བཀོལ་བའི་འཇམ་དབྱངས་དབུ་ཅན་གྱི་ལམ་ནས་བྲིས་ཡོད་དེ། (ཟླ་བ་ལྔ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར་ངས་བོད་ཡིག་སློབ་ཐུན་ལ་གཟབ་ནན་གྱིས་ཉོན་གྱིན་ཡོད། གློ་བུར་དུ་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་གྱུར་པ་དང་མགོ་ཡུ་འཁོར་ནས་མིག་གིས་ཉེ་འཁོར་གྱི་དགེ་སློབ་རྣམས་གསལ་བོར་མི་མཐོང་བར་མ་ཟད་ལྟོ་བའི་སྨད་དུ་ཁུ་ཚུར་ཤུགས་ཀྱིས་གཞུས་པ་ལྟ་བུའི་ཟུག་རྔུ་ལན་མང་སྐྱེས་ཡོང་། ང་རང་ཅུང་ཟད་སད་རྗེས་སྨན་ཁང་གི་མྱུར་སྐྱོབ་ཁང་ཞིག་ཏུ་འགྱེལ་བ་ཚོར་བྱུང་། ངའི་མཐའ་འཁོར་དུ་འཛིན་བདག་དགེ་རྒན་དང་ཨ་ཕ། ད་དུང་མི་འགའ་ཞིག་མཆིས་ཀྱང་གསལ་བོར་མ་མཐོང་། ཡིན་ཡང་། ཆེས་ཐོག་མར་ངའི་མིག་གི་མཐོང་ལམ་དུ་གྱུར་པ་ནི་གོང་གི་མི་དེ་དག་མ་ཡིན་པར་འཛིན་བདག་དགེ་རྒན་གྱི་རྒྱབ་ནས་མགོ་བོ་གཅིག་པུ་མངོན་ཆུང་གིས་བསྟན་པའི་བསྟན་འཛིན་སྒྲོལ་དཀར་ཡིན།མོའི་ངོ་གདོང་ནི་མེ་ཡིས་བསྲོས་པ་བཞིན་དམར་ཐིང་ཐིང་དུ་གྱུར་པ་དང་ཁྲ་ལ་སྒོར་བའི་མིག་ཟུང་ལས་དངངས་འཚབས་ཀྱི་མདངས་ཤིག་ཤར་ནས་ངའི་མིག་གི་འབྱེད་འཛུམ་དང་གདོང་གི་རྣམ་འགྱུར་ལ་ལྐོག་ལྟ་བྱེད་འདུག)བལྟས་ནས་མཚམས་འདིར་སླེབས་དུས་ཆོས་དབྱིངས་སེང་གེའི་མིག་མདངས་ཇེ་ཞན་དུ་གྱུར་ནས་དབུགས་རིང་ཞིག་འབྱིན་ཞོར་ཡིག་གཟུགས་དང་ནང་དོན་མཛེས་པོ་མེད་པའི་ཡིག་ཚོགས་དག་ལ་མུ་མཐུད་དེ་བལྟས་ན་སྐྱིད་སྣང་ལྡན་པའི་འདས་དོན་གང་ཡང་ཕྱིར་དྲན་བྱ་ཐབས་མེད་པ་ཤེས་བཞིན་དུ་ཤོག་ལྷེ་གསུམ་ཙམ་ཁ་ཕྱེས་ནས་བལྟས།

ཡང་ཉིན་ཐོའི་ཁ་བྱང་དུ་ལས་དབང་གིས་སྤུར་བའི་མི་ཚེ་ཞེས་བྲིས་པ་ཞིག་ཏུ། "དེ་རིང་ནི་སྤྱི་ཟླ་དྲུག་པའི་ཚེས་བཅུ་དྲུག། རེས་གཟའ་མིག་དམར་ཡིན། སྒེའུ་ཁུང་ལས་ཕྱི་རོལ་དུ་བལྟས་དུས་གནམ་གཤིས་ཧ་ཅང་འཇམ་པོ་ཡིན་པ་མཐོང་ཐུབ། ང་རང་སྨན་ཁང་དུ་ཞག་སྡོད་བྱས་ནས་ཟླ་གཅིག་ལྷག་ཙམ་ཕྱིན་འདུག། ལུས་ཀྱི་ཟུག་རྔུ་གནས་སྐབས་ཀྱི་བཅོས་ཐབས་ལ་བསྟེན་ནས་ཅུང་ཟད་དྲག་སྐྱེད་ཡོང་མོད། སྣང་བ་གཞན་ཞིག་ལ་ལུས་ཀྱི་ལྗིད་ཚད་ཇེ་ཆེར་འགྲོ་བ་ལས་ཕན་པ་ཨེན་ཙམ་ཡང་བྱུང་མི་འདུག། གསང་སྟབས་ཀྱིས་སྨན་པར་ངའི་ནད་གཞི་དྭངས་ཚར་བས་ད་ལྟ་སློབ་གྲྭར་མ་སོང་ན་སློབ་ཁྲིད་ཀྱི་རྗེས་མི་ཆོད་ཚུལ་སྨྲས་པ་ཡིན། སྨན་པ་ཀྲང་གིས་མགོ་བོ་གཡུགས་ཙམ་བྱས་ནས། “གསལ་བོར་བཤད་ན། ཁྱོད་ཀྱི་ནད་གཞི་ད་རུང་དྲག་སྐྱེད་དེ་ཙམ་བྱུང་མི་འདུག།མཐོ་འབྲིང་སློབ་མ་ཞིག་ལ་སློབ་སྦྱོང་གི་གནོན་ཤུགས་དང་སློབ་ཚན་གྲངས་ཀ་མང་བ་སོགས་ཤེས་བཞིན་ཡོད་མོད།” “ལུས་པོ་ནི་གསར་བརྗེ་ཡི་མ་རྩ་ཡིན”ཞེས་པའི་མའོ་ཙེ་ཏུང་གི་སྐད་ཆ་དེ་ལུང་དྲངས་ནས་ད་དུང་ནད་བཅོས་དགོས་ཚུལ་གྱི་བསམ་ཚུལ་དུ་མ་བསྟན་ཡང་ངས་སྨྲ་བ་མེད་པའི་རྟུལ་ཞུགས་དང་ཚིམ་པ་མེད་པའི་རྣམ་འགྱུར་གྱིས་རང་གི་འདོད་ཚུལ་མཁྲེགས་བཟུང་བྱས་ནས་བསྡད་པ་ཡིན། “ཡང་མིན་ན། ཁྱོད་རང་ཉིན་དཀར་འཚོགས་ནས་དགོང་མོ་ངེས་པར་དུ་སྨན་ཁང་དུ་ཡོང་དགོས”ཞེས་བཤད་བྱུང་། དོན་ངོ་མར་ངས་སློབ་སྦྱོང་ཁོ་ན་བསམས་ནས་དེ་ལྟར་བརྗོད་པ་གང་ན་ཡིན། མ་ཡིན་ཏེ། སློབ་གྲྭར་ཕྱིན་ན་ད་གཟོད་བསྟན་འཛིན་སྒྲོལ་དཀར་དང་འཕྲད་པའི་གོ་སྐབས་ཡོད་པ་རེད།

ཕྱི་དྲོར་ང་རང་སློབ་གྲྭར་སླེབས་དུས་མཁྲིག་མར་བཏགས་པའི་ཆུ་ཚོད་ཀྱི་མདེའུ་རྩེ་ཨ་རབ་ཀྱི་ཨང་ཀི་གསུམ་གྱི་སྟེང་དུ་ཁ་འཁོར་འདུག ངེད་འཛིན་གྲྭའི་སློབ་ཁང་དུ་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག། ཕྱི་རོལ་དུ་ཉི་འོད་འཇམ་པོ་ཞིག་འཕྲོས་ཤིང་ཆར་བ་ཟམ་ཟིམ་ཡང་ཉི་འོད་ཀྱི་ཟེགས་མ་བརྒྱུད་ནས་དལ་བ་དལ་བུར་སློབ་རའི་རྩལ་སྦྱོང་ཐང་དུ་འབབ་ཀྱིན་མཆིས། རྩལ་སྦྱོང་ར་བའི་མཐའི་རྡོ་བཀྱག་ཏུ་འཛེགས་ནས་ལྟ་དུས་མི་ཚོགས་ཀྱི་ཁྲོད་ནས་ངས་ཆེས་ཐོག་མར་བསྟན་འཛིན་སྒྲོལ་དཀར་མཐོང་བྱུང་། མོས་ཀྱང་ང་རང་མཐོང་རྗེས་ངའི་ཕྱོགས་སུ་རྒྱུག་ཡོང་ལ་སྐབས་འདིར་མོའི་བཞིན་རས་འཛུམ་ཞིང་སེམས་པ་ཆུང་ཆུང་དེ་ཡང་ཚ་ལྷང་ལྷང་དུ་གྱུར་ཡོད་ངེས་རེད་ལ། ངའི་སེམས་པའང་གློ་བུར་དུ་ཚ་ལྷང་ལྷང་དུ་གྱུར་ཅིང་ཅི་མགྱོགས་ངང་ཨར་འདམ་གྱི་སྐས་རིང་ནས་གོག་ཅིང་སྐས་ཐུང་ལས་མཆོངས་ནས་མོའི་ཕྱོགས་སུ་བརྒྱུགས་པ་ཡིན།”བལྟས་ནས་མཚམས་འདིར་ཐོན་དུས་ཆོས་དབྱིངས་སེང་གེའི་དྲན་འཛིན་གྱི་རི་ངོས་སུ་སྨུག་པ་བཞིན་ཆགས་པའི་འདས་དོན་གང་མང་ཕྱིར་དྲན་བྱས་ཡོད་པ་རེད་ལ་མིག་ཀོང་ལས་འོད་ཀྱི་གོང་བུ་ཞིག་རང་ཤུགས་ཀྱིས་མིག་ཟུར་དུ་གྲམ་པ་དང་། མཁུར་སྒོ་གཉིས་སུ་ནང་སེམས་ལས་ཕྱུང་པའི་འཛུམ་རིས་ཤིག་མངོན་ཙམ་མངོན་ཙམ་བྱས་ནས་སླར་ཡང་དཔྲལ་བར་སྐྱོ་གཉེར་སྤྲིན་ནག་བཞིན་བསྡུས་ཏེ་གཏམ་རྒྱུད་ལྟ་བུའི་ཡིག་ཚོགས་དག་ལ་མཇུག་མཐུད་ནས་བལྟས།

ཤོག་ངོས་གཞན་དེར་ཡིག་ཚོགས་མང་པོ་སྤུང་མེད་ཀྱང་ཡི་གེའི་ཕྲེང་བ་ཁ་ཤས་ཀྱང་ན་ཟུག་དང་འགྱོད་སེམས་ཀྱིས་ཕོན་པོ་ཁོ་ན་ཡིན། ཉིན་ཐོ་དེར་ཁ་བྱང་མེད་ལ་ལོ་ཟླ་ཚེས་གྲངས་ཀྱང་གསལ་བོར་བཀོད་མི་འདུག ཐིག་ཕྲེང་གཉིས་པའི་གཡས་ངོས་སུ་ཚེས་བདུན་ཉིན་ཞེས་ཨ་རབ་ཀྱི་ཨང་ཀིས་བྲིས་འདུག་ཅིང་ཐིག་ཕྲེང་གསུམ་པར་"འདི་ནི་རྨི་ལམ་བོར་བའི་ཉིན་མོ་ཞིག་ཡིན་ལ་སྙིང་དབུས་ཀྱི་མེ་ཏོག་སད་ཀྱིས་བཅོམ་པའི་དུས་ཀྱང་ཡིན། རྗེས་སུ་ལས་ངན་ངའི་ནད་གཞི་ཇེ་ལོད་དུ་འགྲོ་བ་ལས་ཡེ་ནས་དྲག་ཐབས་མ་བྱུང་བས་བླ་མའི་ལུང་དང་རྩིས་པའི་མོ་གང་ལ་དཔྱད་ན་དགོན་པ་ཞིག་ཏུ་གྲྭ་པ་བྱས་ན་ཕན་པར་ངེས་ཞེས་གདམས་པ་ལྟར། ཕ་མའི་བཀའ་དང་རང་གི་ལས་དབང་ལ་ལྡོག་ཐབས་མ་བྱུང་ཕྱིར་རང་གི་འདོད་མོས་བཞིན་མི་ཚེའི་ལས་དབང་ལ་ཁ་ལོ་བསྒྱུར་ཐབས་མེད་པར་གྱུར"ཞེས་བཀོད་ཡོད།

ད་ནི་ཆོས་དབྱིངས་སེང་གེས་ཉིན་ཐོ་འབྲི་དེབ་དེར་རྩ་བ་ནས་ལྟ་འདོད་མེད་པར་གྱུར་ཅིང་མཚམས་འདིར་བཀླགས་རྗེས་ཞེ་མེར་བའི་ཚུལ་གྱིས་ཁ་སུམ་ནས་སྒེའུ་ཁུང་ཕྱི་རོལ་གྱི་རྔམ་མཐུག་པའི་མུན་པར་ལྟ་ཙམ་བྱས་ནས་ཁུ་ཚུར་གྱིས་རང་གི་སྐྱིལ་ཀྲུང་དུ་བསྡད་པའི་པུས་མོ་གཡས་པར་ཤུགས་ཀྱིས་རྡུང་རྡུང་བྱས། དེ་ནས་མགོ་བོ་ནང་དུ་བཀུགས་ནས་དོན་ངོ་མ་ང་ནི་འཇིག་རྟེན་འདི་ནས་ཕུགས་བསམ་ཡོད་པའི་སློབ་མ་ཞིག་ཡིན་ལ་བརྩེ་དུངས་སྲུང་མཁན་གྱི་མཛའ་བོ་ཞིག་ཡིན། ང་ནི་གུ་ཡངས་པའི་ཁོར་ཡུག་ལ་གོམས་ཤིང་འདྲིས་པར་གྱུར་ཡོད་པས་དབེན་ཞིང་འཇགས་པའི་ཁང་ཆུང་དུ་རང་ཉིད་ཀྱི་གྲིབ་མར་ཁ་གཏད་ནས་ཡུན་རིང་དུ་སྡོད་ཐུབ་མཁན་ཞིག་གཏན་ནས་མིན། ཕྱིར་སློབ་གྲྭའི་ཁོར་ཡུག་ཏུ་ལོག་ཐུབ་ན་ཅི་མ་རུང་། ཁོས་མིག་གིས་ཁ་གཏད་ཀྱི་གྱང་ངོས་སུ་དཔྱངས་པའི་ནུབ་གླིངགི་སྒྱུ་རྩལ་ཐང་ག་ཞིག་ལ་བལྟས་ནས་དེ་ལྟར་བསམས།

དཔེ་སྒྲོམ་ལས་ཚངས་མགུར་དེབ་ཅིག་ཕྱིར་བཏོན་ནས་ལྟེབ་ཆགས་བཏང་བའི་མཚམས་དེར་ཁ་ཕྱེས་ཏེ་“བསྒོམས་པའི་བླ་མའི་ཞལ་རས། ཡིད་ལ་འཁོར་རྒྱུ་མི་འདུག མ་བསྒོམ་བྱམས་པའི་ཞལ་རས། ཡང་སེ་ཡང་སེ་འཁོར་བྱུང་།” ཞེས་པའི་ཤོ་ལོ་ཀ་དེ་བློ་འདོན་ཐེངས་གཅིག་བྱས། དེ་ནི་སྐབས་འདིའི་འཇིག་རྟེན་ཐོག་ཆོས་དབྱིངས་སེང་གེའི་ནང་སེམས་མཚོན་ཐུབ་པའི་གདམས་ངག་གཅིག་པུར་གྱུར། ད་བར་གྲོང་ཁྱེར་དུ་སློབ་གྲྭར་འགྲིམ་བཞིན་པའི་སྙིང་ཉེ་བའི་བསྟན་འཛིན་སྒྲོལ་དཀར་ཡང་ཡང་ཡིད་ལ་འཁོར། ཡིན་ན་ཡང་། ཁོ་རང་སྔར་བཞིན་མཚན་མོ་འདིའི་པང་དུ་འཁྱུད་ཡོད་ལ། མུན་པས་སྔར་བཞིན་ཕྱི་རོལ་གྱི་འཇིག་རྟེན་ཚང་མ་དམ་པོར་བཀབ་ནས་ཡོད།



  • ལེ་ཚན་སྔོན་མ།:མི་ཚེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།