མི་ཚེ།

གངས་ཆུ་ཤེལ།        2022-03-09

      ང་ལ་མཚོན་ན་མི་ཚེ་ནི་རང་གིས་འབྲི་བཞེངས་མ་ཐུབ་པའི་ལྷུག་བརྗོད་སྙན་ངག་ཅིག་གི་ཁོངས་སུ་གཏོགས་ལ། སྐབས་འགར་དེའང་མི་འདོད་དེ་ཁུ་སིམ་གྱི་རྨ་ཁ་དང་གཞན་དབང་གིས་བཅུམས་པའི་ན་ཟུག་སོགས་ཀྱིས་ཁྱོད་ལ་ནམ་ཡང་རང་ཉིད་ངོ་ཤེས་ཐབས་བྲལ་བའི་གནས་སུ་སྤྱུགས་པའམ་དོན་དམ་པར་ཁྱོད་ཀྱིས་རང་ཉིད་ཀྱི་འདས་དོན་ལ་འདང་རྒྱག་མ་ཕོད་པས་རང་ཉིད་བོར་བརླག་ཏུ་ཐེབས་སོང་བར་བསམ་ཆོག། གང་ལྟར་མི་ཚེ་ནི་དུས་བཞིའི་འགྱུར་ལྡོག་ལ་དཔེ་དྲངས་ན་ཅི་འདྲའི་འབྲེལ་ཆགས་ཤིང་། དེ་ལྟར་ཁྱོད་ཀྱི་སེམས་མི་སྐྱིད་པ་དང་ཡིད་མི་བདེ་བར་འགྱུར་སྐབས་རང་ཉིད་ཀྱི་མི་ཚེ་སྐྱེ་དངོས་ཚོགས་ཀྱིས་བསྐྱར་དར་གྱི་དབུ་འཁྱུད་འབྲི་བཞིན་པའི་དཔྱིད་ཟླ་ར་བར་ཆ་བཞག་ཚེ། ཁྱོད་ལ་སླར་ཡང་དུས་ཚོད་ཀྱི་བཅད་གཏུབ་བར་ནས་ལྷག་སོང་བའི་བློ་ཐག་ཉེ་བའི་མི་རྣམས་ལ་འཕྲད་ཐུབ་པའི་སྙིང་སྟོབས་ཀྱི་སྤྲིན་པ་ལང་ལོང་དུ་འཁྲིགས་ངེས་ཡིན། མི་ཁས་ཙག་རླུང་གིས་བཅོམ་སོང་བའི་བརྩེ་སེམས་ཀྱི་འདབ་ལོ་རེ་རེ་སླར་ཡང་ཆུ་ལུད་དྲོད་གཤེར་གྱིས་གསོ་ཆོག་ནའང་། ཕྱི་ཐག་གི་མིག་རྒྱང་རིང་དུ་མེད་ཚེ་བརྩེ་སེམས་ཁོ་ནས་ཅི་ཡང་མི་ནུས་སོ། ། སྟབས་མ་ལེགས་ཚེ་འདི་ནི་མི་ཚེའི་སྙིང་པོ་རྒྱང་ལ་སྤུར་བྱེད་ཀྱི་གནོད་སྦྱིན་གྱི་ཁ་རླངས་དང་གཉིས་སུ་མེད་མོད། ཁྱོད་ལ་མཚོན་ན་སྡུག་བསྔལ་གྱིས་བསྐྱལ་བའི་མི་ཚེ་དང་ཡ་ཆུང་གི་སྦུབས་སུ་དྲངས་པའི་མ་འོངས་པའི་སླད་དུ་ཅི་ཡང་བློས་གཏོང་ཐུབ་ཟེར་བའི་ཧམ་པ་ཚ་བའི་སྐད་ཆ་དེ་བརྗོད་སྐབས། ཁྱོད་ནི་དཔའ་ངར་གྱི་རྦབ་རྡོ་འགོག་མེད་དུ་ཐུར་ལ་ཉུལ་བ་དང་ཀུན་ནས་མཚུངས་ལ་གླེན་རྟགས་ཆེ་བའི་རྟུད་ཕོད་གང་ཞིག་གིས་ཆིག་ལབ་རྒྱག་བཞིན་པར་རིགས་འདྲེའོ། ། མདོར་ན་མི་ཚེ་ཞེས་པ་འདི་མགོ་བརྩམས་ནས་བཟུང་ཁྱོད་ཀྱིས་དཀའ་སྡུག་གི་གཙང་པོ་མ་བརྒལ་ཐབས་མེད་དུ་གྱུར་སྟབས་ཁྲེལ་གཞུང་གི་གའུ་བྲང་ལ་དཔྱངས་ཏེ་བགྲོད་ཐུབ་པ་ཞིག་ལ་འབོག་ཅིག་གུ། ཉིན་འདི་གར་ཕྱི་རོལ་དུ་ཆར་ཞོད་བབས་དང་འབབ་བཞིན་པའི་སྐབས་འདིར་མི་རྣམས་རང་གི་སྡོད་ཤག་ཏུ་བསྡད་དེ་འཚོ་བའི་མནར་གཅོད་ཀྱི་འཇིགས་པ་སེལ་ཆེད་རང་གི་ཤེས་རབ་དང་སྙིང་རྗེ་ཧམ་སེམས་དང་གཏི་མུག་སོགས་ངོ་བོ་དབྱེར་མེད་དུ་བསྲེས་ནས་འཁོར་བའི་གཟེབ་དྲྭར་ཚུད་པའི་རང་ཉིད་ཀྱི་འདོད་བློ་སྐོང་ཐབས་ལ་འབད་བཞིན་པའི་སྐབས་ནི་ཁྱོད་ཀྱིས་རང་ཉིད་བོར་སྟངས་གཞན་ཞིག་རེད་ཅེས་བརྗོད་ཆོག་ཆོག་ཏུ་གྲུབ་ཡོད། ཕྲན་ལ་མཚོན་ན་ལོ་དེ་དག་དང་ཟླ་འདི་དག་གི་རིང་ལ་ནང་སེམས་ཁེར་རྐྱང་དུ་ལྷག་པའི་ཕལ་བའི་མི་རྣམས་ཀྱི་གྲས་སུ་ཐེ་ཡོད། འདི་ནི་རང་ལ་མཚོན་ན་བདེ་སྐྱིད་བླ་ལྷག་ཅིག་ཏུ་འདོད་ལ། མུན་ནག་གི་གཡེར་བག་མཐུག་པའི་མཚན་གུང་དུ་མདུན་གློག་གི་འོད་ཟེར་བརྒྱུད་ནས་དེབ་ངོས་ཀྱི་ཡིག་འབྲུ་རེ་རེ་སྐད་དམའ་མོས་ཀློག་སྐབས་ངས་རང་གི་མི་ཚེ་གསར་དུ་མགོ་བརྩམ་ཆོག་པར་འདོད་ལ་མཇུག་སྒྲིལ་བ་དང་འདྲ་བ་ཡང་སེམས་སོ།། སྔོན་ཆད་ང་ཁྱོད་ཀྱི་བླ་སྲོག་དང་རུས་པ་རེ་རེའི་སླད་དུ་ཁྱོད་ལ་ཚ་ལམ་ལམ་གྱི་ཉི་འོད་ཀྱིས་སྲེག་སྐབས་སུ་ངས་ཁྱོད་ལ་རླུང་བུ་འཇམ་པོ་ཞིག་གི་སྣམ་བུ་འཐག་འདོད། ཁྱོད་ལ་ཡུལ་མིའི་སྡིགས་དམོད་དང་ལས་ཀྱི་རྨུ་ཐག་སྦྲེལ་སའི་མཛའ་བོ་གང་རུང་ཞིག་གིས་གྲང་ཤུར་ཤུར་གྱི་ངོ་གདོང་སྟོན་པའི་སྐབས་ངས་ཁྱོད་ལ་དབྱར་ཟླ་རྐྱང་རྐྱང་གི་འཚོ་བ་གནང་འདོད་སྐྱེ། དོན་དངོས་སུ་མི་ཚེ་ནི་ལས་དབང་དང་བཀས་བཀོད་གང་ལ་ཡང་འབྲེལ་བ་མེད་སྟབས་ངས་ཁྱོད་ཀྱི་གདམ་ཀ་དང་བསམ་ཚུལ་ལ་བརྩི་བཀུར་དང་དཀྱེལ་ཡངས་བྱས་ཏེ། ཁུ་སིམ་ངང་ཡོད་ཚད་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ་བཏབ་པ་ཡིན། ད་ནི་ངས་དཔྱིད་ཟླའི་བག་ཆགས་དང་དྲན་ཤིང་འདྲུད་བཞིན་དབྱར་གྱི་གཞུང་རིང་བརྒལ་ནས་སྟོན་དུས་ཀྱི་འབྲུ་རྡོག་རེ་རེ་བསྡུ་བསགས་བརྒྱབ་སྟེ་གྲང་ཤུར་ཤུར་གྱི་དགུན་ཟླ་ཞིག་གི་ནམ་ཚ་བསྐྱལ་དགོས་པས་ང་ལ་ཕྱི་མིག་གི་ཞེན་ཆགས་འབྲི་ཁོམ་མེད་ལ་འཚོ་བ་གསར་བ་ཞིག་གི་མགོ་བརྩམ་རྒྱུའི་སེམས་ཁམས་ཧ་ཅང་ཕྲའོ། ། ན་ཚོད་འདིར་སླེབས་རྗེས་ངའི་རྣམ་ཤེས་ཀྱི་ཁམས་ན་ཡོད་པའི་བློས་མི་ཐོང་བ་དག་ཅིས་ཀྱང་སྤོབས་པ་ཆེན་པོས་བློས་གཏང་དགོས་ཞེས་རང་ཉིད་ལ་ནན་གྱིས་བཤད་པ་ཡིན།

  • ལེ་ཚན་སྔོན་མ།:ངེད་ཚང་གི་ཐབ་ཀ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།