ངེད་ཚང་གི་ཐབ་ཀ།

ཨ་ནུ་དད་ཞེན།        2022-02-28

རུ་བ་དབྱར་སར་སྤོས་ནས་ཉིན་དང་པོར། ཨ་ཕ་དང་སྡེ་བའི་སྐྱེས་པ་འགས་སྦྲ་འབུབས་བཞིན་འདུག། ཨ་མ་དང་ཨ་ཅེ་གཉིས་ཀས་ངོས་སྙོམས་པའི་རྡོ་ལེབ་གསུམ་ཁྱེར་ཡོང་ནས་ཐབ་ཀ་བཟོ་བཞིན་ཡོད། ཡར་རྒྱལ་ལ་རྡོ་ལེབ་གཉིས་བར་ལ་གོང་རྡོ་ཟེར་བ་ཞིག་དང་མར་རྒྱལ་ལ་རྡོ་ལེབ་གཅིག་བཞག་ནས་ཧ་ཅང་ཞིབ་ཚགས་ངང་ཐབ་ཀ་ལས་བཞིན་ཡོད། ཨ་ཅེ་ཡི་གོན་པ་གསར་བ་དེ་ཕུད་ནས་ངའི་མིག་ལམ་དུ་ཆ་རྒྱུས་ཡོད་པའི་གོས་དེ་གོན་ནས་ཆུ་ཟོམ་ཞིག་གི་ནང་དུ་ཆུ་གང་ཁྱེར་ནས་ས་དཀར་རྫི་རུ་སོང་། ཨ་ཅེ་ཡིས་ས་དཀར་བརྫིས་ནས་སྒྱེ་ཡི་ནང་དུ་འཇུག་བཞིན་ཡོད། ངས་ས་དཀར་དེའི་ནང་རྐང་པ་སྤོས་ནས་རང་གི་རྐང་རྗེས་ལ་བལྟས་ནས་རྩེད་བཞིན་པའི་སྐབས་དེར་ཨ་མས་ཅུང་ཐག་རིང་ས་ནས་ང་ལ་གཤེ་བས་ང་དེ་དང་ལྷན་དུ་ཅུང་མི་འཐད་པའི་ངང་ནས་སར་ཙོག་ནས་ས་ནང་ལ་ལག་པས་རི་མོ་འབྲི་འགོ་བརྩམས། ཨ་ཅེ་ཡིས་ས་དཀར་སྒྱེ་གང་ཁུར་ནས་ཕྱིར་ལོག། ངས་ས་དཀར་ནང་ལ་ནོར་དང་ལུག་ཡིན་ཁུལ་གྱི་རི་མོ་མང་པོ་ཞིག་བྲིས་ནས་དུས་ཚོད་ཅི་ལྟར་ཡོལ་བའང་མ་ཤེས། ཨ་མས་ཇ་ཁོལ་ཐལ་ཞེས་ངར་འབོད་པས་ང་དབུགས་ཐེངས་གཅིག་གིས་ཕྱིར་ལོག་པ་ཡིན།

ད་ནི་གཞི་ནས་ངེད་ཚང་གི་ཐབ་ཀ་ལས་ཚར་ཡོད། གྲུ་བཞི་ནར་མོའི་གཟུགས་ཡིན་པའི་ཐབ་ཀ་དེར་གཡས་གཡོན་གཉིས་ལ་ཁུང་བུ་རེ་བཏོད་ཡོད་པ་དེ་ནི་ཐལ་བཞར་སའི་གོ་ར་རེད། ཐབ་ཀའི་སྟེང་དང་གཡས་གཡོན་སོགས་ལ་ས་དཀར་བརྫིས་ནས་གཡོས་ཡོད། ཆེ་ཆུང་རན་པའི་ཐབ་ཀ་དེར་སྦྲ་ནང་ལ་ཆེད་དུ་བཟོས་པ་ཞིག་ལོས་ཡིན་འདོད་པའི་རང་སྣང་ཞིག་བཅོས་མིན་དུ་ཤར་ཡོང་། ཨ་མས་ང་ལ་ས་དཀར་ནང་ལ་སྤོས་པ་དེ་གཤེ་བ་ཅི་ཡིན་ནམ་བསམས་ནས་ཁ་རོག་གེར་བསྡད། ཨ་མས་ང་བལྟས་ནས་འཛུམ་ཞིག་བསྟན་ཏེ་ངའི་སར་འོངས་ནས་མགོ་ལ་བྱིལ་བྱིལ་འགའ་བྱས་ནས་ངའི་ལག་པར་བཟུང་ནས་ཐལ་བཞར་སའི་གོ་ར་ཁར་སྲིང་དུ་བཅུག་ནས་ལག་པའི་གྲང་ངར་གཞོམ་དུ་བཅུག། ཨ་ཅེ་ཡིས་ཐབ་ཀའི་གོང་གི་ཨོང་བ་དང་བུད་ཤིང་འཇོག་སའི་ཨོང་ར་ཞིག་བཟོས་ཡོད་པ་དེར་ཨོང་བ་རྣམས་ཐབ་ཀའི་ནང་དུ་འདེད་ཙམ་བྱས་ནས། ཐབ་ཀའི་སྟེང་གི་སླ་ངའི་ནང་འོ་མ་ལྷོག་ལྷོག་འཕྱུར་བཞིན་པ་དེ་ཕུ་འགའ་བཏབ་རྗེས་སར་བཞག་ནས་ཇ་བླུད།

ས་རུབ་ཁར་ཨ་ཕ་དང་ཨ་མ་སོགས་ནོར་འདོགས་སུ་སོང་། ང་ཡང་ཨ་ཕའི་སློག་པ་དེ་འཐེན་མ་དྲུད་ཀྱིས་གཡང་ཤམ་བྱས་ནས་རྐང་རྗེན་དུ་ཁོ་ཚོའི་རྗེས་སུ་བསྙེགས། ཡུད་ཙམ་ཞིག་ནས་ངའི་རྐང་པ་གྲང་བྱུང་། ང་རང་སྡོད་མ་ཚུགས་པར་ཕྱིར་ཁྱིམ་ལ་ལོག་ནས་ཐབ་ཀའི་འགྲམ་ནས་རྐང་པ་བསྲིངས་ནས་ཐབ་ཀའི་མེ་ལྕེ་ལ་སྲོ་བཞིན་རྐང་འབོབ་རློན་པ་དེ་ཐབ་ཀའི་སྟེང་དུ་བཞག་ནས་སྐམ་ན་བཟང་སྙམ། གློ་བུར་དུ་ཨ་མ་ཁྱིམ་ལ་སླེབས་བྱུང་། ཨ་མའི་ཐབ་ཀའི་སྟེང་གི་ངའི་རྐང་འབོབ་དེ་མཐོང་རྗེས་བྲེལ་འཚུབ་ངང་བླངས་ནས་མོའི་རུམ་ལ་བཅུག་ནས་མེ་སྐྱོགས་ནང་དུ་ཐབ་མེ་ཆུང་ངུ་ཞིག་བླངས་ནས་གདུང་མའི་སྟེང་ལ་བཀལ་བའི་ཁུག་མའི་ནང་གི་ཤུག་པ་འགའ་བླངས་ནས་ཐབ་ཀ་ལ་ཤུག་བདུག་བྱས། ཨ་མའི་ང་ལ་ཐབ་ཀ་ལ་ཐབ་ལྷ་ཡོད་པས་དེ་ལྟར་བྱེད་མི་རུང་ཟེར་བཞིན་འགྲམ་པའི་སྟེང་དུ་ལྷུང་བའི་སྐྲ་ཉག་འགའ་ཟ་འགྲམ་དུ་གཟེབ་ནས་གོ་རའི་ནང་གི་ཐལ་བ་རྣམས་བྲད་ནས་སྒོ་ཁྱེར། ཐབ་ཀའི་ལྟག་རྒྱབ་ཏུ་འབུ་མེ་ལྕེབ་འགའ་གཅིག་རྗེས་གཉིས་མཐུད་ངང་འཕུར་བཞིན་ཡོད། ངས་འབུ་མེ་ལྕེབ་དེ་འཛིན་བསམས་ནས་ཐབ་ཀའི་ལྟག་རྒྱབ་ལ་སོང་ནས་ཡར་ལྡིང་མར་ལྡིང་བྱེད་སྐབས་ཨ་ཕ་ཐོན་བྱུང་། ཨ་ཕས་ང་མཐོང་རྗེས་མྱུར་མོར་མར་ཤོག། དེ་འགྲོ་མི་ཉན་ཟེར་ནས་ང་ལག་པས་འཐེན་ནས་ཐབ་ཀའི་འགྲམ་ནས་ཙོག་ཏུ་བཅུག། ཡིད་ཕངས་པ་ཞིག་ལ་ངས་འབུ་མེ་ལྕེབ་གཅིག་ཀྱང་འཛིན་མ་ཐུབ་པས་ཅུང་མ་རངས་པའི་ངང་ནས་ལྡབ་ལྡིབ་ངང་འཁང་ར་བྱས་ནས་མལ་ཁྲིའི་སྒང་ལ་གན་རྐྱལ་དུ་ཉལ་ནས་བསྡད་པ་ན་ཐབ་ཀའི་མེ་ལྕེའི་དྲོད་ལས་ང་གཉིད་དུ་ཡུར་སོང་། ང་སད་དུས་ས་རུབ་འདུག། ཕྱི་རོལ་ན་རླུང་བུ་ལྡང་གིན་འདུག། སྦྲའི་སྒོ་དར་ལྷབ་ལྷུབ་ངང་རླུང་གིས་སྐྱོད་བཞིན་འབུ་མེ་ལྕེབ་འགའ་གྲང་རླུང་ལ་གཞའ་བར་ཡོང་བ་བཞིན་སྦྲའི་ཁ་ཁོར་དུ་ལྡིང་སྐོར་རྒྱག་བཞིན་འདུག། ཡིན་ཡང་།མེ་ལྕེ་ལྷེམ་ལྷེམ་ཐབ་ཁུང་ལས་མཆེད་ནས་ཁྱིམ་སྔར་ལས་ཀྱང་དྲོད་ཀྱིས་ཁེངས། མེ་ལྕེའི་ངོགས་སུ་ཨ་ཕ་དང་ཨ་མ་སོགས་ཀྱི་ངོ་གདོང་གསལ་བོར་མཐོང་ཐུབ། ཨ་མས་ང་སད་པ་མཐོང་རྗེས་རུམ་ནས་ངའི་རྐང་འབོབ་བླངས་ནས་རྐང་མགོར་བསྐོན། ངའི་རྐང་འབོབ་སྐམ་ཡོད་པར་མ་ཟད་ད་དུང་ཡང་དྲོད་ཅིག་རྒྱས་ཡོད་པ་ང་ཡ་མཚར་ཞིག་སྐྱེས།

ད་ལྟ་ལོ་ཟླ་མང་པོ་ཞིག་འགོར་ཟིན། ལོ་ཟླ་དེ་དང་བསྟུན་ནས་ང་ཡང་ནར་སོན་བྱུང་། སྐབས་དེར་ངས་ས་དཀར་ནང་ལ་སྤོས་པ་དང་ཐབ་ཀའི་སྟེང་ཏུ་རྐང་འབོབ་སྐམ་སྲད་སོགས་ཕ་མ་གཉིས་ཀས་གཤེ་བ་དང་ཁ་ཏ་བྱས་པ་སོགས་ད་གཟོད་ཧ་གོ་བྱུང་། ངེད་ཚང་གི་ཐབ་ཀའི་མེ་ལྕེའི་གཏིང་རིམ་ན་བྱིས་པ་ཚོས་ཧ་མི་གོ་བའི་ཁྱད་མཚར་བའི་ལྷ་སྒྲུང་མང་པོ་ཞིག་དང་དམངས་སྲོལ་གྱི་རིག་གནས་མང་པོ་ཞིག་གི་རྫོང་སྟུག་པོ་ཨ་ཕའི་ལག་གི་ཕྲེང་རྡོག་རེ་རེ་བཞིན་སྟར་སྒྲིག་ཡོད་པ་ངས་གསལ་བོར་ཤེས་བྱུང་། ཡིན་ཡང་། དུས་རབས་ཉེར་གཅིག་ཅེས་པའི་ལོ་ཟླ་ཞིག་གི་དཀྱོག་མཚམས་འདིར་སླེབས་དུས། སྲོལ་རྒྱུན་མང་པོ་ཞིག་གི་རིག་གནས་ཀྱི་གོམས་གཤིས་རླུང་ཁར་ཐལ་གཏོར་བ་བཞིན་མེད་པར་འགྲོ་བ་འདི་ངའི་སེམས་ནང་ལ་ན་ཟུག་ཅིག་ཅི་ལ་མི་སྐྱེས་ཨང་།



  • ལེ་ཚན་སྔོན་མ།:ཚུགས་ཐུབ་ཀྱི་མི་ཞིག་བྱ་དགོས།
  • ལེ་ཚན་རྗེས་མ།:མི་ཚེ།