སྨིན་དྲུག་ཁྲ་མོའི་འཕྲིན།

ཨོ་ཏོག་བསྟན་ཉི།        2024-07-01

           སྐར་མ་ལགས། ཨ་སྔོན་མཐོངས་སུ་ཁྲ་ཆིལ་འཚེར་བའི་སྐར་ཚོགས་དུ་མའི་ཁྲོད། ནམ་མཁའི་སྐ་རགས་སྨིན་དྲུག་ཁྲ་མོ་འདྲ་བར་མི་འདུག་ཟེར་བའི་ཚིག་དུམ་འདི་ཁྱེད་རང་གི་ཡིད་ཀྱི་གཙང་ངོས་སུ་ལྷང་ངེར་གསལ་ཡོད་ཤས་ཆེ། ཉིན་འདི་དག་རིང་ང་རང་ཕ་ཡུལ་གྱི་པང་དུ་ཡོད། ཁྲི་གདུགས་ཉི་མ་སྤྲིན་པའི་གསེབ་ལ་ཡིབ་ནས་ད་དུང་འཆར་མ་བྱུང་། མཐའ་སྐོར་གྱི་ཁོར་ཡུག་དག་གྲང་རླུང་གིས་ཁྱབ། ང་རང་ལུས་པོ་གྲང་གིས་ཙག་རུང་སེམས་པ་དྲོད་ཀྱིས་ཁེངས་ཡོད། ཕྱོགས་བཞིར་ཐེངས་འགའ་བལྟས་ནས་ག་ལེར་ཁྱིམ་གྱི་སྒོ་ཐེམ་ཕྱོགས་སུ་གོམ་ཁ་བསྒྱུར་ནས་དྲོ་སྐྱིད་ཀྱིས་ཁེངས་པའི་གཡང་ཁྱིམ་གྱི་ནང་དུ་འཛུལ།

འཕྲིན་ཡིག་འདི་ནི་ང་རང་མི་ཚེའི་ནང་འཕྲིན་ཡིག་འབྲི་ཐེངས་ཐོག་མ་དེ་ཡིན་པས། ནང་དོན་ཕུན་སུམ་ཚོགས་པོར་བྱུང་མིན་མི་ཤེས་མོད། གཅིག་བྱས་ན་ཚོར་བ་གཞན་དང་མི་འདྲ་བ་ཞིག་ཡོད་ཤས་ཆེ། སྐར་མ་ལགས། ནམ་མཁའི་སྐར་མ་སྨིན་དྲུག་ཁྲ་མོ་འདྲ་བའི་ང་ཡི་སྐར་མ་ལགས། ད་ཞག་ལུས་པོ་བདག་སྐྱོང་ཡག་པོར་བྱེད་ཀྱིན་ཨེ་ཡོད། ཐུན་གསུམ་གྱི་ཟ་མ་ཏག་ཏག་ཟ་བཞིན་ཨེ་ཡོད། ང་ནི་དྲིན་ཆེན་ཕ་མ་གཉིས་དང་ལྷན་དུ་དགུན་གསེང་རོལ་བཞིན་པ་ཁྱེད་ཀྱི་ཤེས་གསལ་རེད། མ་གཞི་མི་ཚེ་ནི་མཚན་མོ་གཅིག་གི་རྨི་ལམ་དང་འདྲ། མཚན་གུང་གི་རྒྱུ་སྐར་རེ་རེ་ནི་ལས་ཀྱིས་འཕྲད་པའི་མི་རེ་རེ་དང་འདྲ། ང་རང་སྔོན་མར་ཁེར་རྐྱང་གི་དུང་ཟླ་དཀར་པོ་ཇི་བཞིན་རི་ཀླུང་ཐང་གསུམ་དུ་ཉུལ་དུས། སྤྲིན་དཀར་པོ་ང་ཡི་དཔུང་རོགས་འདོད་ཀྱི་ཡོད། རི་མཐོན་པོ་ང་ཡི་གཏན་གྲོགས་འདོད་ཀྱི་ཡོད། ཆུ་གཙང་པོ་ང་ཡི་འགྲོ་རོགས་འདོད་ཀྱི་ཡོད། བསམ་བཞིན་བསམས་ན་དེ་དག་ནི་འཆར་ཡན་གྱིས་ངའི་འཚོ་བར་བསྐྲུན་པའི་སྣང་ཚུལ་གསོན་པོ་ཞིག་ཡིན་པར་འདྲ། འཇིག་རྟེན་གྱི་འཁོར་བ་སྐྱིད་གསུམ་སྡུག་གསུམ་རེད་ཟེར་བའི་སྐད་ཆ་འདི་སྔོན་མ་ནས་ངའི་རྣ་བའི་བུ་གར་འཛུལ་ མྱོང་མོད། རང་གིས་དངོས་སུ་འཚོ་བར་མྱོང་སྐབས། གཞན་གྱིས་བཤད་པའི་སྐད་ཆ་ཡག་བཙོག་གང་ཡིན་རུང་གཙོ་བོ་མ་འཛིན་པར་རང་གིས་འཚོ་བར་དངོས་བརྟག་དཔྱད་བྱས་ནས་དོན་ལ་ལེགས་ཉེས་འབྱེད་ན་ཅི་འདྲའི་མི་ལེགས་སམ།

ད་ནི་རྙོག་གཏམ་མང་དྲག་སོང་བས་སུན་སྣང་མེད་པར་ཞུ། ང་ཡི་སྙིང་ཉེ་ལགས། མི་ལོ་གཉིས་ཀྱི་ཡར་སྔོན་ངེད་གཉིས་ནི་རང་གི་རྨི་ལམ་རང་གིས་འཚོལ་བཞིན་པའི་མཐོ་འབྲིང་སློབ་མ་དཀྱུས་མ་ཞིག་རེད། ཁེར་རྐྱང་ནི་ལམ་སྐྱ་མོའི་ཐོག་གི་འགྲུལ་པ་དང་རི་སྡེ་གྲོང་ནང་གི་མགྲོན་པོ་མ་ཡིན་པར་སེམས་ཀྱི་སྐད་ཆ་ཡོད་ཚད་བཤད་ས་མེད་ཅིང་། ཡིད་ཀྱི་གདུང་བ་མཐའ་དག་བཤད་ས་མེད་པས་ལུང་པའི་ཕུ་ཡི་བྲག་རྡོ་ཁེར་མ་དང་འདྲ་འོ།། ལམ་གྱི་གྲོགས། ལས་ཀྱི་མི། ཚེ་ཡི་སྐྱ་ཡ། ང་ཡི་སྙིང་སྡུག། ཚེ་སྔོན་མའི་ལས་དབང་ཟེར་ན་འདྲ། ཚེ་འདི་ཡི་བསོད་ནམས་གང་ཡིན་རུང་གང་ལྟར་ཚེ་འདིར་ཁྱེད་དང་འཕྲད་པར་ཧ་ཅང་དགའ་ཡོད། དཔྱིད་རླུང་ལྡང་ཐེངས་རེར། དབྱར་ཆར་འབབ་ཐེངས་རེར། སྟོན་ལོ་ལྷུང་ཐེངས་རེར། ཁ་བ་བབས་ཐེངས་རེར། མདོར་ན། དུས་བཞིའི་དྭངས་གཙང་གི་མཁའ་དབུགས་ཁྲོད་དུ་ངེད་གཉིས་འཚོ། དྲག་ཆར་རླུང་འཚུབ་དང་མི་ཁ་ཅི་འདྲ་རྒོད་རུང་ངེད་གཉིས་དམ་ཚིག་གི་མདུད་པ་རུམ་དུ་བཅུག་ནས་ལམ་ལ་འགྲོ། སྙིང་གཏམ་གྱི་འོ་ཇ་འཐུང་གིན་འཐུང་གིན་མདུན་དུ་བསྐྱོད། འཇིག་རྟེན་འདི་འགྲན་རྩོད་ཆེ་རུང་། ཁོར་ཡུག་འདི་གྲང་ངར་ཆེ་རུང་། སྤྱི་ཚོགས་འདི་རྙོག་འཛིང་ཆེ་རུང་། གང་ལྟར། མི་འགྱུར་རྡོ་རྗེ་བཞིན། གོར་མོ་རྡོ་བཞིན་དྲི་མས་མ་སྦགས་པའི་ཡ་ཆུང་སེམས་པ། ལྷད་མེད་ཀྱི་འཛུམ་མདངས་གསོན་པོ་ཁྱེར་ནས་བདེ་སྐྱིད་ཀྱི་ཕྱོགས་སུ་འགྲོ།

སྨིན་དྲུག་ལགས། ཁྱེད་རང་ནམ་མཁའི་མཐོངས་སུ་བསྐྱོད་དུས་སྐར་ཚོགས་གྲངས་ལས་འདས་པ་ཡོད་རུང་། ང་ཡི་གམ་དུ་ཡོང་དོན་ཅི། འོད་ཀྱིས་ཕྱུག་པའི་སྐར་མ་སྨེ་བདུན་དང་ཐོ་རེངས་སྐར་ཆེན། བྱང་སྐར་ཨ་བརྟན་སོགས་ཀྱིས་ཁྱེད་རང་མགྲོན་དུ་བོས་མ་བྱུང་ངམ། ཁམ་བུའི་མེ་ཏོག་བཞད་པའི་ནམ་ཟླ་འདིར་ང་རང་ཁེར་རྐྱང་གི་རྨི་ལམ་འཚོལ་སྒང་ཡིན། འོད་ཀྱིས་བཞེངས་པའི་སྨིན་དྲུག་ཁྱེད་ངའི་སར་ཡོང་དོན་ཅི། ལོ་ངོ་གཉིས་ལྷག་རིང་ཁྱེད་ཀྱིས་སུན་སྣང་དང་འཁང་ར་གང་ཡང་མེད་པར་ངས་རྨི་ལམ་འཚོལ་བའི་ལམ་ཁར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་ཚང་མ་ངའི་སེམས་ཀྱི་མེ་ལོང་ངོས་སུ་གསེར་ཡིག་བྲིས་ནས་ཉར་ཡོད། ང་ནི་རང་སྣང་ཆེ་བའི་བླུན་པོ་ཞིག་དང་འདྲ་བས། ངས་འཇོན་རབ་དང་སྐད་གྲགས་ཆེ་རབ་སོགས་བཤད་རུང་ཁྱེད་ཀྱིས་ངའི་སེམས་ནང་ཁྱེད་རང་ཆེས་འཇོན་ཐང་ལྡན་པའི་མི་ཡིན་ཞེས་བཤད་པའི་སྐབས་དེར། ངའི་མིག་ཟུང་ཆུ་འབུར་འདི་གཉིས་རང་དབང་མེད་པར་ཐིགས་པ་ཁ་ཤས་ལྷུངས་ནས་སེམས་པ་དྲོད་སོབ་སོབ་སྦྱིན་མྱོང་།

  • ལེ་ཚན་སྔོན་མ།:དབུས་ལ་བསྐྱོད་པའི་འཆར་ཡན་ཟམ་ཟོམ།
  • ལེ་ཚན་རྗེས་མ།:བདག་གི་ཨ་མ།