རླབས་ཆེན་མེས་རྒྱལ་ལ་བསྟོད་པའི་ཀ་བཤད་མུན་པ་བཅོམ་པའི་ཟླ་ཟེར།

སྣག་ཚ་ནག་པོ།        2024-07-01

ཀ་བཞི་གདུང་བརྒྱད་ཁང་བཟང་བཞིན་དུ་བརྟན་བརླིང་ཏང་གི་སྲིད་ཇུས་འོག །

ཁ་བ་ཅན་གྱི་སྲིད་འབྱོར་རིག་གསུམ་དབྱར་མཚོ་རྒྱས་པའི་རྦ་རླབས་འཕྱོ།།

ག་དུས་ཡིན་ཡང་དམངས་ལ་ཕན་པའི་བདེན་པའི་དོན་བཟང་རླབས་པོ་ཆེ།།

ང་ཅག་མེས་རྒྱལ་བཀའ་དྲིན་འདི་ནི་མཁའ་ཡི་རྟ་བདུན་དབང་པོ་འདྲ།།

ཅ་ཅོའི་སྟོང་གཏམ་གཞན་མགོ་མི་བསྐོར་དངོས་ཐོག་དོན་དམ་འཛིན་པའི་ཏང་།།

ཆ་མེད་གཏམ་གྱིས་ཧམ་བཤད་མི་རྒྱག་ཀུན་ཕན་བྱ་བར་ལག་ལེན་བསྟར།།

ཇ་ཤིང་མེ་ཏོག་ཆུན་པོ་དབྱེ་འདྲའི་མི་རིགས་ང་དྲུག་དཔུང་སྡེ་ལ།།

ཉ་མོ་ཆུ་ཡིས་བསྐྱངས་པ་བཞིན་དུ་ཕངས་མེད་བདེ་བའི་དངོས་གྲུབ་བསྩལ།།

ལྟ་སྟངས་ཕྱོགས་རིས་ཅི་ཡང་མེད་པར་མི་རིགས་ལྔ་དྲུག་འདྲ་མཉམ་བསྐྱངས།།

ཐབས་ལམ་བཟང་པོའི་སྣེ་ཁྲིད་འོག་ཏུ་འབྱོར་འབྲིང་སྤྱི་ཚོགས་གསར་པ་བསྐྲུན།།

ད་ལྟ་མི་རྣམས་བདེ་སྐྱིད་འཚོ་བའི་དགའ་སྤྲོའི་འཛུམ་གྱི་པདྨོ་བཞད།།

ན་ཚོད་རྒས་པའི་རྒན་འཁོགས་དག་ཀྱང་ཏང་ལ་བསྟོད་པའི་གླུ་དབྱངས་ལེན།།

དཔའ་བོ་ཁྲི་འབུམ་རང་སྲོག་ཤོར་ནས་དམངས་ཀྱི་ཡུན་རིང་ཞི་བདེ་བརྗེས།།

ཕ་རྒན་ཚུན་ཆད་ཕྲུ་གུ་ཚང་མ་སློབ་གྲྭར་འགྲོ་བའི་སྐལ་བ་ཐོབ།།

བ་གམ་ཁང་བཟང་མུ་ནས་བསྒྲིགས་པའི་ཡུལ་སྡེ་གསར་པའི་དར་རྒྱས་སོགས།།

མ་ཡུམ་མེས་རྒྱལ་མཚུངས་མེད་བཀའ་དྲིན་བསྟོད་པའི་དབྱར་རྔ་ཆེམ་ཆེམ་རྡུང་།།

རྩ་བ་བརྟན་ཅིང་ཡལ་ག་རྒྱས་པའི་ཏང་གི་སྲིད་ཇུས་བཟང་པོའི་འོག །

ཚ་ཟེར་ཉི་མས་པདྨ་བསྐྱངསལྟར་སྐྱེ་བོ་ཕོ་མོའི་འཚོ་གནས་ལ། །

ཛ་ལང་རྩུབ་སྤྱོད་རྡུལ་ལྟར་བརླགས་ནས་ཤེས་དཔལ་བྱང་ཚད་ལྡན་པ་སོགས།།

ཝ་ལེར་བཀའ་དྲིན་སྙིང་ལ་འཆང་བཞིན་ཏང་གི་རྗེས་སུ་གོམ་ཆེན་སྤོ།།

ཞྭ་གོས་གྱོན་ཆས་ལྷན་པ་དགོས་པའི་དབུལ་པོའི་འཆིང་ཐག་ཡོངས་སུ་བཀྲོལ།།

ཟ་བཏུང་ལོངས་སྤྱོད་ཅི་དགར་རོལ་བའི་བག་ལྷོད་སྐྱིད་པའི་འཚོ་བ་བསྐྲུན།།

འ་ཆད་འུ་ཐུག་དཀའ་སྡུག་ཁུར་བའི་ཞིང་བྲན་ལམ་ལུགས་རྒྱང་བསྐྱུར་ནས།།

ཡ་མེད་ཁྱད་འཕགས་རྨད་དུ་བྱུང་བའི་བརྟན་ལྷིང་བོད་གསར་འཛུགས་སྐྲུན་བྱས།།

ར་ཡིག་གཉིས་པའི་དཀའ་བས་བསགས་པའི་གེ་སར་ཉིང་བཅུད་སྦྲང་རྩི་བཞིན།།

ལ་ཀླུང་ཁ་བ་གངས་ཀྱིས་བསྐོར་བའི་མཐོ་སྒང་བོད་ཀྱི་རིག་གཞུང་ལ།།

ཤ་ཞེན་ཅན་གྱི་ཤེས་ལྡན་མི་སྣ་གྲངས་མེད་གསོ་སྐྱོང་བྱས་པའི་རྐྱེན།།

ས་མཐོའི་ལྗོངས་ལ་ཤེས་རིག་མེ་ཏོག་མཐིང་ཀའི་སྐར་ལྟར་གང་སར་བཞད།།

ཧ་ཧ་འཛུམ་གྱི་ཀུ་མུད་བཞད་པའི་དགའ་སྤྲོ་འཚོ་བའི་ཕུན་ཚོགས་དང་།།

ཧ་ཅང་སྐྱིད་པའི་སྤྱི་ཚོགས་འདི་ནི་རླབས་ཆེན་ཏང་གི་བཀའ་དྲིན་ཡིན།།

ཨ་མའི་བུ་ཆུང་མགྲིན་པ་སངས་ནས་སྡེབ་ལེགས་མཛེས་པའི་ཚིག་སྦྱོར་གྱིས།།

ཨ་སྔོན་གནམ་གྱི་ཉིན་བྱེད་ལྟ་བུའི་མེས་རྒྱལ་བསྟོད་པའི་སྙན་ངག་གྱེར།།


  • ལེ་ཚན་སྔོན་མ།:ལོ་ཟླའི་ཆད་ཐོ།
  • ལེ་ཚན་རྗེས་མ།:ས་རུབ་ཁར་ཟླ་བ་སྔར་བཞིན་ཤར།