དབྱར་དུས་ཀྱི་འབྲོག་ལྗོངས།

སྤང་རྒྱན།        2024-06-26

            རྫ་ནག་གྲིབ་སོ་ཅན་གྱི་སྲིབ་ལྡེབས་ཀྱི་རྫི་བོས། །

རྟ་ནག་རྐྱང་རྒོད་འདྲ་ཞིག་གློ་རྟ་རུ་ཆིབས་ནས། །

ནོར་གནག་རྒྱ་མཚོ་འདྲ་ཞིག་དལ་དལ་གྱིས་འཚོ་ཞོར། །

ངམ་ནག་བཞིན་ངོ་བསྡུས་པའི་ཕོ་ཉམས་འདི་མཚར་བ། །

ཁྲོམ་ཆེན་མི་ཚོགས་འདུས་པའི་འདུ་ར་ཡི་ཁྲོད་ལ། །

དམར་ནག་སྐྲ་གཞུག་ཅན་གྱི་འབྲོག་ཐང་གི་བུ་ལོས། །

ཚར་དཀར་གྲ་ལོ་གཡོ་བའི་ལྭ་གོས་ཀྱི་འོག་ནས། །

འགྱིང་སྟབས་གོམ་སྒྲ་ལྷིང་བའི་ཉམས་འགྱུར་དེ་མཚར་བ། །

བྱང་རླུང་སིལ་སིལ་ལྡང་བའི་འབྲོག་ཐང་གི་ཀློང་ན། །

འཇག་མས་ཤུགས་གླུ་ལེན་པའི་སྙན་དབྱངས་དང་ལྷན་དུ། །

གོམ་འགྲོས་འཁོར་ནི་སྐོར་བའི་འདོ་ཆེན་གྱི་རྟ་ཕོས། །

རྨིག་པའི་རམ་བུ་འདེགས་པའི་རྣང་བ་དེ་མཚར་བ། །

སྦྲ་ནག་གཡང་མོས་སྐོར་བའི་རུ་སྡེ་ཡི་ཁྲོད་ན། །

ཁ་འཚུབ་དུ་སྤྲིན་གཡོ་བའི་འགྱུར་བག་དང་ལྷན་དུ། །

ས་ཆེན་ཞེ་ལ་འཇགས་པའི་རི་ཟུར་གྱི་ཁུག་རྣས། །

ཅོ་འདྲིའི་སྟངས་སྟབས་གཡོ་བའི་ངང་ཚུལ་དེ་མཚར་བ། །

གཞི་འཇམ་ཕ་མཐའ་ཡས་པའི་ན་ཐང་གི་དཀྱིལ་ན། །

དར་དིར་བུང་བ་གཡོ་བའི་མེ་ཏོག་དང་ལྷན་དུ། །

བཞིན་ངོ་འཛུམ་ཆུང་གྲོལ་བའི་ན་ཆུང་གི་འབྲོག་མོས། །

མཐོ་འཚམ་སྤྱན་མིག་གཡོ་བའི་སྟངས་སྟབས་དེ་མཚར་བ། །

ཡང་ཡང་ཕྱོགས་ནས་ལྡང་བའི་བསིལ་རླུང་གི་ཁྲོད་ཀྱི། །

སྣ་བརྒྱའི་མེ་ཏོག་བཞད་པའི་བསུང་ཞིམ་དང་ལྷན་དུ། །

ས་ཆེན་འབྲོག་གི་ནང་སྙིང་དཀར་ཆུ་དང་འོ་མས། །

འགྲན་ཟླའི་མངར་ཁ་ལྡང་བས་ཡིད་སེམས་ལ་མཚར་བ། །


  • ལེ་ཚན་སྔོན་མ།: རྒྱང་རིང་གི་ཁེར་གཞས།
  • ལེ་ཚན་རྗེས་མ།:ངའི་སང་ཉིན།